དེ་རིང་ཨི་སི་རེལ་གྱི་མི་སེར་ཧ་མ་སིས་བཙན་ཁྲིད་བྱས་པ་དག་གློད་བཀྲོལ་བཏང་ཡོད་འདུག

ཉེ་ཆར་བདུན་སྔོན་མ་གཟའ་ལྷག་པའི་ཉིན་ཨི་སི་རེལ་དང། ཧ་མ་སི་གཉིས་བར་ཞི་བའི་གྲོས་མོལ་བྱུང་ཡོད་པ་དང་། སྐབས་དེ་དུས་ཕྱོགས་གཉིས་བར་བཙན་ཁྲིད་བྱས་པའི་མི་སེར་དང་བཙོན་པ་བརྗེ་རེས་བྱེད་རྒྱུའི་གྲོས་མཐུན་བྱུང་ནས་དེ་རིང་གཟའ་ཟླ་བའི་ཉིན་ཧ་མ་སིས་བཙན་ཁྲིད་བྱས་པའི་ཨི་སི་རེལ་གྱི་མི་སེར་ཚང་མ་གློད་རྒྱུ་དང་། བཙན་ཁྲིད་བྱས་པའི་ཁྲོད་ནས་གྲོངས་པ་རྣམས་ཀྱི་ཕུང་པོ་རྩིས་སྤྲོད་བྱེད་རྒྱུ་ཡིན་འདུག

པར། རྒྱ་གར་གྱི་བང་ཆེན།

ཕྱི་ཚེས་༡༣ ཉིན་བྷི་བྷི་སིས་གཙོས་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་གཟའ་ཟླ་བའི་ཉིན་ཧ་མ་སིས་ཨི་སི་རེལ་གྱི་མི་སེར་བཙན་ཁྲིད་བྱས་པ་དག་གློད་བཀྲོལ་བཏང་ཡོད་འདུག བཙན་ཁྲིད་བྱས་རྗེས་གྲོངས་པ་དག་གི་ཕུང་པོ་སྤྲོད་རྒྱུ་ཡིན་འདུག ཐོག་མ་ཕྱི་ལོ་༢༠༢༣ ཟླ་༡༠ ཚེས་༧ ཉིན་གྷ་ཛ་དང་ཐག་ཉེ་སར་ཨི་སི་རེལ་ནང་རོལ་དབྱངས་དུས་སྟོན་ཆེན་པོ་ཞིག་འཚོགས་བཞིན་པའི་སྐབས་ཧ་མ་སིའི་དྲག་སྤྱོད་པས་གློ་བུར་དཔུང་འཇུག་བྱས་ནས་སྐབས་དེ་དུས་ཨི་སི་རེལ་གྱི་མི་སེར་ཁྱོན་༡༢༠༠ བསད་ཡོད་པ་དང་། མི་སེར་ཁྱོན་༢༥༡ བཙན་ཁྲིད་བྱས་ནས་ད་བར་མི་མང་པོ་ཞིག་གློད་ཡོད་ཀྱང་། ད་དུང་མང་པོ་ཞིག་ཧ་མ་སིའི་དྲག་སྤྱོད་པའི་འཛིན་བཟུང་འོག་ཏུ་ཡོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ཨི་སི་རེལ་གྱིས་གྷ་ཛའི་ནང་འདས་པའི་ལོ་གཉིས་རིང་ཧ་མ་སི་ལ་རྒོལ་རྡུང་ཧ་ཅང་ཚབས་ཆེན་བཏང་ཡོད་པ་དང་། པ་ལི་སི་ཐན་གྱི་མི་མང་ཁྱོན་༦༧༠༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། དེ་དག་ཁྲོད་ནས་བྱིས་པ་ཁྱོན་༡༨༠༠༠ ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་ཧ་མ་སིའི་གཞུང་གི་འཕྲོད་བསྟེན་ལྷན་ཁང་ནས་བརྗོད་ཡོད་འདུག
ཉེ་ཆར་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨི་སི་རེལ་དང། ཧ་མ་སི་གཉིས་ཞི་བའི་གྲོས་མོལ་ཡོང་ཆེད་དོན་ཚན་༢༠ ཅན་ཞིག་བཏོན་ནས་ཕྱོགས་གཉིས་བར་དམག་འཁྲུག་མཚམས་འཇོག་ཡོང་ཐབས་བྱས་ཡོད་པ་བཞིན། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨི་སི་རེལ་དང། ཧ་མ་སི་གཉིས་གཟའ་པ་སངས་ཉིན་དམག་འཁྲུག་དངོས་སུ་མཚམས་འཇོག་བྱེད་རྒྱུ་ཡིན་ཚུལ་བརྗོད་འདུག་པ་བཞིན། གཟའ་པ་སངས་ཉིན་དངོས་སུ་དམག་འཁྲུག་མཚམས་འཇོག་བྱས་ཡོད་འདུག་ལ། དེ་རིང་ཨི་སི་རེལ་གྱི་མི་སེར་ཧ་མ་སིས་བཙན་ཁྲིད་བྱས་པའི་ཁྱོན་༤༨ ལྷག་ཡོད་པ་དེ་དག་ལས། མི་༢༠ གསོན་པོ་ཡིན་པ་དང་། གཞན་རྣམས་ཕུང་པོ་ཡིན་འདུག བཙན་ཁྲིད་བྱས་པའི་མི་སེར་རྣམས་(the Red Cross)ཚོགས་པ་བརྒྱུད་ནས་ཨི་སི་རེལ་ལ་རྩིས་སྤྲོད་བྱེད་རྒྱུ་དང་། དེ་རྗེས་ཁྱིམ་མི་རྣམས་དང་ཐུག་འཕྲད་བྱས་རྗེས་སྨན་ཁང་དུ་འཁྱེར་རྒྱུ་ཡིན་འདུག


པར། བྷི་བྷི་སི།

དེ་བཞིན་པ་ལི་སི་ཐན་གྱི་མི་སེར་ཨི་སི་རེལ་གྱི་བཙོན་ཁང་དུ་ཡོད་པ་རྣམས་གློད་བཀྲོལ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་འདུག་ཅིང་། པ་ལི་སི་ཐན་གྱི་མི་སེར་ཡིན་པའི་ཨི་སི་རེལ་གྱིས་ཚེ་བཙོན་ཁྲིམས་ཆད་བཅད་པའི་མི་༢༥༠ དང་། བཀག་ཉར་འོག་ཏུ་ཡོད་པའི་མི་༡༧༢༢ ཡོད་འདུག ཨི་སི་རེལ་གྱི་ཁྲིམས་ཞིབ་ལྷན་ཁང་ནས་པ་ལི་སི་ཐན་གྱི་མི་སེར་གློད་བཀྲོལ་གཏོང་རྒྱུའི་མིང་ཐོ་ཞིག་ཕྱིར་བཏོན་ཡོད་འདུག་པ་དང་། ཚེ་བཙོན་ཁྲིམས་ཆད་བཅད་པའི་མི་༢༥༠ ནས་མི་༡༠༠ གློད་རྒྱུ་ཡིན་ཞེས་བརྗོད་འདུག་ཅིང་། གཞན་བཀག་ཉར་འོག་ཡོད་པ་དེ་དག་གི་ཁྲོད་ནས་མི་༡༠༠ ལྷག་ཙམ་ཞིག་གློད་རྒྱུ་ཡིན་ཚུལ་བརྗོད་འདུག
གལ་སྲིད་ཐེངས་འདིར་མི་སེར་བཙན་ཁྲིད་བྱས་པ་དང་། བཙོན་ཁང་དུ་ཡོད་པ་དག་ཕན་ཚུན་བརྗེ་རེས་ལེགས་གྲུབ་བྱུང་ཚེ། མ་འོངས་པར་ཞི་བའི་གྲོས་མོལ་བང་རིམ་གཉིས་པ་དེ་བྱེད་རྒྱུ་དང་། སྐབས་དེ་དུས་གྷ་ཛ་ས་ཁུལ་གྱི་འཛིན་སྐྱོང་སྐོར་དང་གཞན་གནད་དོན་གལ་ཆེ་ཁག་ཅིག་སྐོར་གྲོས་མོལ་བྱེད་རྒྱུ་ཡིན་འདུག ཉེ་ཆར་དམག་འཁྲུག་མཚམས་འཇོག་གི་དུས་ཚོད་འགོ་འཛུགས་བྱས་པ་དང་། ཨི་ཇིབ། ཁ་ཐར། ཏུར་ཀི། ཨ་རབ་ཨེར་མི་རེ་ཊ་མཉམ་འབྲེལ་རྒྱལ་ཁབ་བཅས་ཀྱི་དམག་མི་༢༠༠ ཙམ་ཞིག་གྷ་ཛ་ས་ཁུལ་དུ་བཏང་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གཞིར་བཟུང་ལག་ལེན་ཡོང་ཐབས་དང་། བསྐྱར་དུ་ཨི་སི་རེལ་དང་ཧ་མ་སི་བར་གྲོས་མཐུན་ལས་བརྒལ་བའི་རྩོད་རྙོག་མི་ཡོང་བའི་ཆེད་གཏོང་རྒྱུ་ཡིན་པ་ཨ་རིའི་གཞུང་གི་གནད་ཡོད་མི་སྣ་ཞིག་གིས་བརྗོད་ཡོད་འདུག
ཉེ་ཆར་གཟའ་སྤེན་པའི་ཉིན་ཨི་སི་རེལ་གྱི་མི་མང་སྟོང་ཕྲག་མང་པོས་ཨི་སི་རེལ་གྱི་མཚོ་འགྲམ་གྱི་གྲོང་ཁྱེར་(Tel Aviv)ནང་འཛོམས་ནས་ཨ་རིའི་སྲིད་འཛིན་ཊོམ་ལ་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ཡོད་པར་བརྟེན། ད་ཆ་དམག་འཁྲུག་མཚམས་བཞག་པ་དང་། གྲོས་མཐུན་བཞག་པར་ཐུགས་རྗེ་ཆེ་ཞུས་པ་དང་། སྲིད་འཛིན་ཊོམ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་དགོས་ཚུལ་སོགས་བརྗོད་ཡོད་འདུག
དེ་རིང་སྲིད་འཛིན་ཊོམ་ཨི་སི་རེལ་ལ་ཕྱིན་ནས་གྲོས་ཚོགས་སུ་གཏམ་བཤད་གནང་རྒྱུ་ཡིན་འདུག་ལ། དེའི་རྗེས་སུ་ཨི་ཇིབ་ཀྱི་གྲོང་ཁྱེར་(Sharm El-Sheikh)ནང་(an international summit aiming to end the war)དམག་འཁྲུག་མཚམས་འཇོག་གི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་འཆར་ཡོད་འདུག། ལྷན་ཚོགས་དེའི་ཐོག་ཏུ་དབྱིན་ཡུལ་གྱི་སྲིད་བློན་དང་། པ་ལི་སི་ཐན་གྱི་སྲིད་འཛིན་གཙོས་ཁྱོན་རྒྱལ་ཁབ་༢༠ ཙམ་གྱི་འགོ་ཁྲིད་ཚང་འཛོམས་བྱེད་རྒྱུ་ཡིན་འདུག
ཁ་སང་གཟའ་ཉི་མ་ནས་འགོ་བཙུགས་ཏེ་རྒྱལ་སྤྱིའི་ཡུལ་གྲུ་མང་པོ་ནས་གྷ་ཛའི་ནང་ངལ་སེལ་རོགས་སྐྱོར་ཆེད་དོས་སྐྱེལ་རླངས་འཁོར་བརྒྱ་ཕྲག་མང་པོས་བཟའ་འབྲུ་དང་སྣུམ། གོས་སོགས་ཀྱི་མི་མང་རྣམས་ལ་གཞི་རྩའི་དགོས་མཁོ་རྣམས་སྐྱེལ་འདྲེན་བྱེད་འགོ་བཙུགས་ཡོད་འདུག།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།