དེ་སྔོན་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་སྐབས་ཞིན་ཅིང་ཕིང་གིས་རྒྱ་ནག་གིས་ཐའེ་ཝན་ཟླ་སྒྲིལ་དུ་གཏོང་རྒྱུ་ཡིན་པར་བརྗོད་འདུག
ཟླ་འདིའི་ཚེས་༢༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་དང་རྒྱ་ནག་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་བྱེད་པའི་སྐབས་སུ། ཞིན་ཅིང་ཕིང་གིས་སྲིད་འཛིན་བྷ་ཌན་ལ་རྒྱ་ནག་གིས་ཐའེ་ཝན་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས་བརྗོད་གསལ་ལྟར་ན། ལོ་འདིའི་ཕྱི་ཟླ་༡༡ པའི་ཚེས་༡༥ ་ཉིན་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་ནང་དུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་བྱེད་པའི་སྐབས། སྲིད་འཛིན་ཞིན་ཅིང་ཕིང་གིས་ཨ་རིའི་སྲིད་འཛིན་ལ་རྒྱ་ནག་གཞུང་གིས་ཐའེ་ཝན་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག ལྷན་ཚོགས་ཐོག་ཨ་རྒྱ་གཉིས་ཀྱི་མཐོ་རིམ་དཔོན་པོ་མང་པོ་མཉམ་ཞུགས་བྱས་ཡོད་པ་དང་རྒྱ་ནག་གཞུང་གིས་ཐའེ་ཝན་ཞི་བའི་ཐོག་ནས་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཡང་། དུས་ཚོད་ད་དུང་གཏན་འཁེལ་བྱུང་མེད་ཅེས་བརྗོད་ཡོད་འདུག
གཞན་ཡང་། སྲིད་འཛིན་གཉིས་ཐུག་འཕྲད་མ་བྱས་པའི་སྔོན། རྒྱ་གཞུང་གིས་ཨ་རིའི་སྲིད་འཛིན་ལ་ལྷན་ཚོགས་གྲོལ་བའི་རྗེས། ཨ་རི་གཞུང་གིས་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་མེད་པ་དང་། རྒྱ་གཞུང་གིས་ཐའེ་ཝན་ཞི་བའི་ཐོག་ཟླ་སྒྲིལ་གཏོང་རྒྱུ་ལ་རྒྱབ་སྐྱོར་ཡོད་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་རེ་བ་ཞུས་ཀྱང་། ཨ་རིའི་གཞུང་གིས་ཁས་ལེན་བྱས་མེད་པ་རེད་འདུག
ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས་ཞིན་ཅིང་ཕིང་གིས་རྒྱུན་དུ་ཐའེ་ཝན་ཐོག་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་པ་ལྟར། ཐའེ་ཝན་ཐོག་གི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མི་འདུག་ཅེས་བརྗོད་ཡོད་འདུག ན་ནིང་རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིང་གིས་ཕྱི་རྒྱལ་གྱི་རྒྱབ་སྐྱོར་འོག་ཐའེ་ཝན་གྱིས་རང་བཙན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཚེ། རྒྱ་ནག་གཞུང་གི་དྲག་ཤུགས་ཀྱིས་ཚུར་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
དེ་སྔ་ཨ་རིའི་དམག་དཔོན་ཞིག་གིས་རྒྱ་ནག་གིས་ཕྱི་ལོ་༢༠༢༥ དང་ཡང་ན། ཕྱི་ལོ་༢༠༢༧ གྱི་སྔོན་ལ་ཐའེ་ཝན་ཟླ་སྒྲིལ་གཏོང་རྒྱུའི་ཚོད་དཔག་བྱས་ཡོད་འདུག
ལོ་འདིའི་ཕྱི་ཟླ་༡༡ པའི་ཚེས་༡༥ ཉིན་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡ་(California) ལ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་ཐེངས་གཉིས་པ་དེ་བྱས་ཤིང་། སྲིད་འཛིན་གཉིས་པོས་དུས་ཡུན་ཆུ་ཚོད་བཞིའི་རིང་བརྗོད་གཞི་སྣ་ཚོགས་ཀྱི་ཐོག་བཀའ་མོལ་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས་བརྗོད་གསལ་ལྟར་ན། སྲིད་འཛིན་གཉིས་པོས་ཐའེ་ཝན་གྱི་གནད་དོན་ཐོག་བཀའ་མོལ་ཡུན་རིང་པོ་གནང་ཡོད་པ་དང་། ཞིན་ཅིང་ཕིང་གིས་ཐའེ་ཝན་གྱི་གནད་དོན་དེ་ནི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་ཀྱི་གནད་དོན་ཉེན་ཚབས་ཆེ་ཤོས་དང་རྒྱ་ཆེ་ཤོས་ཤིག་རེད་ཅེས་བརྗོད་ཡོད་འདུག གཞན་ཡང་རྒྱ་གར་གྱི་དུས་བབ་གསར་ཁང་ཐོག་ཏུ་ཡང་། ཨ་རིའི་སྲིད་འཛིན་གྱིས་ལོ་རྗེས་མའི་ཕྱི་ཟླ་༡ པོའི་ནང་ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་ཐེ་གཏོགས་མི་བྱེད་པའི་འབོད་སྐུལ་ཞུས་ཡོད་པའི་ཐོག་རྒྱ་ནག་གིས་ཐའེ་ཝན་གྱི་མཐའ་སྐོར་དུ་དམག་མི་དང་གོ་མཚོན་གསོག་འཇོག་བྱེད་བཞིན་པའི་སྐོར་བཀའ་མོལ་གནང་སྐབས། ཞིན་ཅིང་ཕིང་གིས་ཐའེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་འཆར་གཞི་མེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་ཡོད། ཡིན་ཡང་། རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིང་གིས་སྐབས་དེར་ཨ་རིའི་སྲིད་འཛིན་བྷ་ཌན་ལ་རྒྱ་ནག་གིས་ཐའེ་ཝན་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པའི་གནས་ཚུལ་ཞིག་དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་མང་པོའི་ནང་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།