དེང་གི་བཙན་བྱོལ་སྤྱི་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་།

སྦེང་ལོར་ས་གནས་བོད་ཀྱི་ཁྲིམས་ལུགས་རིག་པ་ཚོགས་པའི་གོ་སྒྲིག་འོག་དེང་གི་བཙན་བྱོལ་སྤྱི་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་ཡོད་འདུག་ཅིང་། སྐབས་དེར་གཞོན་སྐྱེས་རྣམས་ཀྱི་བརྒྱུད་ལ་སྤྱི་ཚོགས་རྙིང་པའི་ཕྱོགས་ཞེན་གྱི་ན་ཚ་མི་ཡོང་ཕྱིར་སྔོན་འགོག་བྱེད་དགོས་སྐོར་སོགས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༡ གི་དགོང་མོར་སྦེང་ལོར་ས་གནས་བོད་ཀྱི་ཁྲིམས་ལུགས་རིག་པ་ཚོགས་པའི་གོ་སྒྲིག་འོག་༼དེང་གི་བཙན་བྱོལ་སྤྱི་ཚོགས་༽ ཞེས་པའི་བརྗོད་གཞིའི་ཐོག་ས་གནས་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། འཕྲོད་བསྟེན་གླིང་། ས་གནས་ཁྲིམས་ལུགས་རིག་པའི་ཚོགས་པ་བཅས། གཞུང་འབྲེལ་མ་ཡིན་པའི་ས་གནས་ཀྱི་ཚོགས་པ་བཞིའི་གཞོན་སྐྱེས་སྐུ་ཚབ་བརྒྱད་ཀྱི་བར་བགྲོ་གླེང་ཞིག་འཚོགས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་མང་གཙོའི་གནས་བབ་ཀྱི་སྐོར་ལ་བགྲོ་གླེང་བྱས་ཡོད་འདུག

བགྲོ་གླེང་སྐབས་འཛུལ་ཞུགས་པ་རྣམས་ཀྱིས་བཙན་བྱོལ་བོད་མིའི་མཐུན་ལམ་གོང་མཐོར་གཏོང་དགོས་སྐོར་དང་། གཞོན་སྐྱེས་རྣམས་ཀྱི་བརྒྱུད་ལ་སྤྱི་ཚོགས་རྙིང་པའི་ཕྱོགས་ཞེན་གྱི་ན་ཚ་མི་ཡོང་ཕྱིར་སྔོན་འགོག་བྱེད་དགོས་སྐོར།    དཔྱད་ཞིབ་དང་རྒྱུས་ལོན་མེད་པར་སྤྱི་ཚོགས་བརྒྱུད་ལམ་ཁག་གི་གནས་ཚུལ་གང་ལའང་ཡིད་འཇོག་བྱ་མི་རུང་བའི་སྐོར་སོགས་བགྲོ་གླེང་བྱེད་མཁན་སོ་སོས་བཙན་བྱོལ་བོད་པའི་སྤྱི་ཚོགས་དང་སྒྲིག་འཛུགས་སོགས་ལ་འཛིན་པའི་ལྟ་ཚུལ་སོགས་བརྗོད་ཡོད་འདུག་པ་མ་ཟད་། བགྲོ་གླེང་གོ་སྒྲིག་པ་སྦེང་ལོར་ས་གནས་བོད་ཀྱི་ཁྲིམས་ལུགས་རིག་པ་ཚོགས་པའི་ཚོགས་གཙོ་དཀོན་མཆོག་རིན་ཆེན་གྱིས་བརྗོད་པ་ལྟར་ན། བགྲོ་གླེང་སྐབས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་བོད་ཀྱི་འཐབ་རྩོད་ཐོག་འགན་འཁུར་དགོས་པ་དང་། དགྲ་བོ་ཡིན་པ་ཤེས་དགོས་པ། བོད་པའི་འཐབ་རྩོད་ཀྱི་ཁ་སོ་རྒྱ་ནག་ལ་གཏད་དགོས་པ། ལྷག་པར་མཐོ་རིམ་དཔོན་རིགས་དང་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་གཞིས་ལུས་སྤུན་ཟླས་བཙན་བྱོལ་བོད་མིར་འཛིན་པའི་རེ་བཞག་རྟོགས་པའི་ཐོག་ནས་ལག་ལེན་གྱི་ཐོག་སྒྲུབ་དགོས་སྐོར་བཅས་བརྗོད་ཡོད་འདུག

བགྲོ་གླེང་གི་ཐོག་མཐའ་བར་གསུམ་ཆ་ཚང་ཡོད་པའི་སྒྲ་བརྙན་ཞིག་མི་རིང་བར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་འགྲེམས་སྤེལ་བྱ་འཆར་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།