དོན་དངོས་ཀྱི་ཡིད་བཞིན་ནོར་བུ།

བོད་པའི་ཁ་རྒྱུན་དུ་རང་ཉིད་ཀྱི་རྩ་བའི་བླ་མ་དད་པ་ཆེ་ཤོས་ཞུ་ཡུལ་ལ་ཡིད་བཞིན་ནོར་བུ་ཞེས་རང་བཞིན་གྱིས་འབོད་སྲོལ་ཡོད་ལ། རྒྱུ་མཚན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དམིགས་བསལ་ལ་བརྟེན་ནས་ཡིད་བཞིན་ནོར་བུ་ཞེས་ཞུ་མཁན་ཡང་ཡོད། ཡང་རེ་ཟུང་ལ་ཆེད་དུ་ཡིད་བཞིན་ནོར་བུ་ཞེས་གཞན་ཞིག་གིས་བཏགས་ནས་འབོད་མཁན་ཡང་ཡོད་པ་སོགས་རང་ཉིད་ཀྱི་བླ་མ་ལ་ཡིད་བཞིན་ནོར་བུ་ཞེས། དགོས་འདོད་ཀུན་འབྱུང་བའི་ཡིད་བཞིན་ནོར་བུ་དང་ཆོས་མཚུངས་པའི་དོན་དུ་དེ་ལྟར་འབོད་སྲོལ་ཡོད། ད་ལྟའི་ཆར་བོད་ཕྱི་ནང་གཉིས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་བཞིན་ནོར་བུ་ཞེས་ཞུ་བཞིན་ཡོད་ལ། ལྷག་པར་དུ་བོད་ནང་ནས་ཐད་ཀར་མཚན་ཞུ་ཆོག་མིན་དང་། ཞུ་ཕོད་མིན་སོགས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ཡིད་བཞིན་ནོར་བུ་ཞེས་ཡོངས་ཁྱབ་ཀྱིས་ཞུ་བཞིན་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་དངོས་ལ་བལྟས་ནས་ཤེས་ཐུབ་པ་ནི། ༧གོང་ས་མཆོག་ལ་ཡིད་བཞིན་ནོར་བུ་ཞེས་ཞུས་པ་དེ་དོན་ལ་གནས་པའི་ཚིག་ཡང་དག་ཅིག་ཏུ་གྱུར་ཡོད། དེ་ཡང་ཁ་ཙམ་མ་ཡིན་པར་དོན་དངོས་ཐོག་༧གོང་ས་མཆོག་གིས་ཆོས་ཕྱོགས་ནས་གདམས་ངག་གནང་བ་ཁག་ལག་བསྟར་ཚད་ལྡན་ཞིག་བྱེད་ཐུབ་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ་པ་དང་། ཚེ་འདི་ལ་ལྟོས་ནས་བཤད་ནའང་ཡ་རབས་བཟང་སྤྱོད་དང་། ཀུན་ཁྱབ་སེམས་དཀར་གྱི་ལམ་སྟོན་དག་ཚུལ་བཞིན་ཉམས་སུ་བླངས་ན་འཇིག་རྟེན་ཁྱོན་ཡོངས་སུ་ཞི་བདེ་དང་འཆམ་མཐུན་ཉག་གཅིག་ཏུ་འགྱུར་ཐུབ་པ་སྨྲོས་མེད་རེད། དེ་དང་དེ་ལྟ་བུས་མཚོན་༧གོང་ས་མཆོག་ལ་ཡིད་བཞིན་ནོར་བུ་ཞེས་བརྗོད་པར་དོན་དམ་པའི་རྒྱུ་མཚན་བརྗོད་ཀྱིས་མི་ལངས་པ་མང་པོ་ཡོད་པ་ཚང་མས་ཤེས་ཐུབ་ཅིང་། ད་ལྟའི་ཆར་བོད་ཕྱི་ནང་གཉིས་དང་ལྷག་པར་དུ་བཙན་བྱོལ་བོད་མི་རྣམས་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ཡོད་པ་དང་། དགོས་པ་དང་རྒྱུ་མཚན་གཞན་ལ་བརྟེན་ནས་ཀྱང་༧གོང་ས་མཆོག་ཡིད་བཞིན་ནོར་བུ་ལྟ་བུར་གྱུར་ཡོད་པ་བཙན་བྱོལ་སྤྱི་ཚོགས་ཀྱི་ཚོགས་སྡེ་ཁག་དང་མི་སྒེར་བཅས་ཀྱི་གནས་སྟངས་ཐོག་ནས་ཀྱང་རྟོགས་ཐུབ། དཔེར་ན་༧གོང་ས་མཆོག་ལ་བརྟན་བཞུགས་སོགས་ཀྱི་ཆེད་སྤྱི་ཚོགས་ནང་ཞལ་འདེབས་བསྡུ་སློང་བྱས་ཚེ། མི་མང་གི་བློས་གཏོང་ཆེན་པོས་ཞལ་འདེབས་ཕོན་ཆེན་འབུལ་བཞིན་ཡོད་ལ། ལུང་ཚན་བྱེ་བྲག་པ་དང་སྐྱིད་སྡུག་ཆུང་ཁག་གིས་བརྟན་བཞུགས་འབུལ་སྐབས་ཀྱང་སྒོར་འབུམ་བརྒྱ་ཕྲག་ཁ་ཤས་འདུ་འགོད་ཐུབ་པས། དངོས་སུ་འབྱོར་བའི་མཆོད་པ་རྒྱ་ཆེན་པོ་འབུལ་གཤོམ་དང་། བླ་མ་དང་དགེ་འདུན་པ་ཉམས་རྟོགས་ལྡན་པ་དག་གིས་བརྟན་བཞུགས་ཀྱི་ཆོ་ག་གསུངས་པ་དང་། ལས་སྨོན་རྟེན་འབྲེལ་ལ་བརྟེན་ནས་༧གོང་ས་མཆོག་གི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་རྒྱུ་རུ་འགྱུར་བཞིན་པར་ཡིད་ཆེས་བྱེད་ཆོག་པ་ཞིག་རེད། གཞན་ཡང་༧གོང་ས་མཆོག་གི་མཚན་དང་འབྲེལ་བའི་ཐོག་ནས་ལས་དོན་ག་རེ་བསྒྲུབ་ཀྱང་ལག་བསྟར་བདེ་བ་དང་། འགལ་རྐྱེན་བར་ཆད་ཀྱི་ཆ་ཧ་ཅང་ཉུང་བ་མ་ཟད། བརྟན་བཞུགས་དང་དགའ་སྟོན་གྱི་མཛད་སྒོ་གོ་སྒྲིག་བྱས་པ་སོགས་ལ་བརྟེན་ཚོགས་པ་ཁ་ཤས་ཧ་ཅང་ཕྱུག་པོར་གྱུར་ཡོད་པས་ཀྱང་ཡིད་བཞིན་ནོར་བུ་ཞེས་པ་དོན་དང་ལྡན་པ་ཞིག་རེད། ད་དུང་སྤྱི་ཚོགས་ནང་མི་རེ་ཟུང་གིས་སྤྱི་པའི་རྒྱུ་ནོར་ཕོན་ཆེན་ཧམ་ཟས་དང་། སྒེར་བདག་བྱས་པ་ཁྲིམས་ཐོག་ནས་ར་སྤྲོད་བྱུང་བ་དང་། རེ་ཟུང་གིས་གཞུང་དངུལ་སྒེར་སྤྱོད་བྱས་པའི་རྒྱུ་མཚན་ལ་བརྟེན་རྒས་ཡོལ་སྔ་བསྣུར་གྱི་མིང་ཐོག་ནས་བགྲེས་ཕོགས་དང་གསོག་དངུལ་གང་ཡང་མེད་པར་གནས་དབྱུང་བཏང་ཡང་། དེ་དག་གིས་ཁ་ཡར་གྲག་ལ་༧གོང་ས་མཆོག་དང་། ཁ་མར་གྲག་ལ་༧གོང་ས་མཆོག་ལབ་པ་མ་ཟད། རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་གང་ཡིན་ཡང་༧གོང་ས་མཆོག་ལ་དད་གུས་མི་བྱེད་མཁན་དང་། སྐུར་འདེབས་བྱེད་མཁན་ཡིན་ཚུལ། རང་ཉིད་དེ་ལ་ཁ་གཏད་གཅོག་མཁན་ཡིན་པའི་རྣམ་པ་ཤུགས་ཆེན་སྟོན་ཐུབ་པ་ཙམ་གྱིས་རང་ཉིད་ཀྱིས་ཁྲིམས་འགལ་དང་ནག་ཉེས་བསགས་པ་དག ༧གོང་ས་མཆོག་གི་མཚན་བེད་སྤྱོད་ཡང་ཡང་བཏང་བ་དང་། དེ་ལ་དད་གུས་ཡོད་ཚུལ་གྱི་གཏམ་བརྗོད་གང་མང་འཁྲབ་པ་ཙམ་གྱིས་བཙན་བྱོལ་བོད་མིའི་སྣང་ངོར་ཉེས་མེད་དུ་འགྱུར་ཐུབ་པས། ༧གོང་ས་མཆོག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་རང་དུ་གྱུར་ཡོད། མདོར་ན་༧གོང་ས་མཆོག་ནི་བོད་མི་ཡོངས་རྫོགས་ཀྱི་སེམས་ནང་དུ་ནོར་བུ་དགོས་འདོད་ཀུན་འབྱུང་ཉག་གཅིག་ཡིན་པ་དང་། སེམས་མེད་བེམ་པོ་ཙམ་གྱི་ནོར་བུ་མ་ཡིན་པར་གོང་དུ་བརྗོད་པ་བཞིན་ཆོས་འཇིག་རྟེན་གཉིས་ཐད་ནས་དོན་དམ་པའི་ནོར་བུ་དགོས་འདོད་ཀུན་འབྱུང་ཉག་གཅིག་ཏུ་གྱུར་ཡོད་པས། ༧གོང་ས་མཆོག་ལ་ཁ་ཙམ་ནས་བསྟོད་པ་ཡང་ཡང་ཕུལ་བས་ཀྱང་སྤྱི་ཚོགས་ནང་ལམ་འགྲོ་རྒྱུག་ཐུབ་པ་དང་། སྐུར་འདེབས་བྱེད་མཁན་དག་ལའང་གནས་སྐབས་རྒྱུ་དངོས་ཀྱི་ཁེ་ཕན་རག་མཁན་མང་པོ་ཡོད་ངེས་པས། བྱང་ཆུབ་སེམས་དཔའ་དག་ནི་“བཟང་འབྲེལ་ཚེ་གཅིག་སངས་རྒྱས་དང་། ངན་འབྲེལ་འཁོར་བ་མཐའ་ཅན་”ཞེས་པ་ལྟ་བུར་གྱུར་ཡོད། རྩ་བས་རང་ཁེ་འབའ་ཞིག་གི་ཆེད་༧གོང་ས་མཆོག་གི་མཚན་བེད་སྤྱོད་གཏོང་མཁན་དག་ལ་གནས་སྐབས་ཙམ་ལས་མཐར་ཐུག་གི་འབྲས་བུ་བཟང་པོ་ཞིག་སྨིན་དཀའ་བ་དང་། དད་པ་དང་དམ་ཚིག་ཅེས་པ་དེ་ཡང་ཁ་ཙམ་མ་ཡིན་པར་སེམས་གཏིང་ནས་བརྩི་སྲུང་དགོས་ངེས་ཤིག་ཏུ་གྱུར་ཡོད།།
