དྲ་ཐོག་ཏུ་བཙན་བྱོལ་ནས་ཐོན་པའི་གློག་བརྙན་གཟིགས་འབུལ་ཞུ་འཆར་འདུག 

ཟླ་༡༢ པའི་ཚེས་༣ ནས་༡༣ བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཟོས་པའི་གློག་བརྙན་མང་པོ་ཞིག དྲ་ཐོག་(tibetfilms.com) ཏུ་གཟིགས་འབུལ་ཞུ་འཆར་འདུག་པ་དང་། ལས་རིམ་དེ་ནི་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སྒྲུང་བོད་མིའི་གློག་བརྙན་བཟོ་སྐྲུན་པ་གཉིས་ཀྱིས་ཟུང་སྦྲེལ་ཐོག་ནས་གོ་སྒྲིག་ཞུ་རྒྱུ་ཡིན་འདུག 

དེ་ཡང་གློག་བརྙན་བལྟ་བར་དྲ་ཐོག་ནས་དངུལ་སྤྲོད་དགོས་ཀྱི་ཡོད་འདུག་པ་དང་། དེའི་བོད་མི་གློག་བརྙན་བཟོ་སྐྲུན་པ་དགེ་ལེགས་དཔལ་བཟང་། སྐལ་བཟང་རིན་ཆེན། ཁང་གསར་སྐལ་བཟང་ཚེ་རིང་། སྐལ་བཟང་ཚེ་བརྟན། མཁྱེན་བརྩེ་ནོར་བུ། ཀུན་བཟང་སྐྱིད་རོང་། བསྟན་འཛིན་བསོད་ནམས། བསོད་ནམས་ཚེ་བརྟན་སོགས་མི་སྣ་༡༦ ལྷག་གི་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག དེ་བཞིན་གློག་བརྙན་ཁྲོད་དུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་ཅིག་ཏུ་གཟིགས་འབུལ་ཞུས་པའི་གློག་བརྙན་སྐྱོ་དབྱངས་མངར་མོ་དང་། ཕ་ས་བུ་ཐུག་སོགས་གློག་བརྙན་མང་པོ་ཞིག་འདུག 

བཙན་བྱོལ་བོད་མིའི་ཁྲོད་གློག་བརྙན་བཟོ་སྐྲུན་པ་སྙན་གྲགས་ཆེ་ཤོས་གྲས་ཡིན་པ་དང་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དབུ་འཛུགས་གནང་མཁན་བསྟན་འཛིན་བསོད་ནམས་ཀྱིས་གསུང་དོན་ལ། ཉེ་བའི་ལོ་ཤས་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གློག་བརྙན་བཟོ་སྐྲུན་གནང་མཁན་མང་དུ་དང་ནུས་པ་ཆེ་རུ་སོང་ཡོད་པ་དང་།  གློག་བརྙན་ཐོག་ནས་སོ་སོའི་བསམ་ཚུལ་དང་རྣམ་འགྱུར་སྟོན་པའི་གོམས་པ་མདུན་སྤོས་ཆེན་པོ་གནང་ཐུབ་ཡོད། གློག་བརྙན་སྣ་མང་ཞིག་བཟོ་སྐྲུན་ཐུབ་ཡོད་ཁར། མང་པོ་ཞིག་རྒྱལ་སྤྱིའི་སྡིངས་ཆ་ཐོག་ཏུ་ངོས་འཛིན་ཆེན་པོ་ཐོབ་ཡོད་ཀྱང་། བོད་མི་མང་པོ་ཞིག་གིས་གློག་བརྙན་དེ་ཚོ་གཟིགས་ཐུབ་མེད་པས། ཐེངས་འདིར་གློག་བརྙན་དེ་དག་གཟིགས་ཐུབ་པའི་སྡིངས་ཆ་ཞིག་བསྐྲུན་རྒྱུའི་དམིགས་ཡུལ་བཅང་ཡོད་སྐོར་གསུངས་སོང་། །

གསར་འགོད་པ་སྐལ་བཟང་དོན་གྲུབ།
https://online.diff.co.in/?fbclid=IwAR05MrBk-BiuyvFjKF66Posb3uc3JbXttkvm69vL55EvMNHOKIzS9v_toCU