དྷ་ས་མེག་གྷན་དུ་རྒྱ་མི་ཞིག་འཛིན་བཟུང་བྱས་འདུག

པར། ETV Bharat

ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢ ཉིན། ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པས་དྷ་ས་མེག་གྷན་དུ་ཐོངས་མཆན་མེད་པར་ཁྲིམས་འགལ་གྱིས་གནས་སྡོད་བྱེད་མཁན་རྒྱ་མི་ཞིག་འཛིན་བཟུང་བྱས་འདུག ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པས་རྒྱ་གར་གྱི་བང་ཆེན་གསར་འགོད་པར་བཤད་པ་ལྟར་ན། རྒྱ་མི་དེའི་མིང་ལ་ལོའུ་ཝན་ནན་ཟེར་ཞིང་ལོ་༦༠ ཡིན་འདུག ཁོའི་ལག་ཁྱེར་(passport)ནང་སི་ཁྲོན་ཞིང་ཆེན་ནས་ཡིན་པ་བཀོད་ཡོད་ན་ཡང་། ལག་འཁྱེར་དེ་ཡུན་ནན་ཞིང་ཆེན་ནས་ཞུས་ཡོད་འདུག
བལ་ཡུལ་གཞུང་གིས་ཁོ་ལ་ཕྱི་ལོ་༢༠༢༥ ཟླ་༦ ཚེས་༢༩ ནས་ཕྱི་ཟླ་༩ ཚེས་༢༦ བར་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་སྤྲད་ཡོད་འདུག ཁོ་བལ་ཡུལ་བརྒྱུད་རྒྱ་གར་དུ་འཛུལ་ཡོད་པ་མ་ཟད། ཕྱི་ལོ་༢༠༢༥ ཟླ་༩ ཚེས་༢༦ ནས་ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢ བར། ཉིན་གྲངས་༡༣༠ ཙམ་གྱི་རིང་། རྒྱ་གར་གྱི་ཐོངས་མཆན་མེད་པར་མེག་གྷན་དུ་ཁང་པ་གླས་ནས་བསྡད་ཡོད་འདུག
ཀང་ར་རྫོང་གི་ཉེན་རྟོག་དཔོན་ཨ་ཤོག་རཱ་ཏན་(Ashok Ratan)གྱིས་ཁོང་ལ་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་བསྡད་ཡོད་པ་ཤེས་རྟོགས་བྱུང་བས་ཐོག་མའི་སྙན་ཐོ་(FIR)ཞེས་ཐོ་འགོད་བྱས་ཡོད། རྒྱ་མི་དེས་རྒྱ་ནག་གི་ཉེན་རྟོག་པའི་ནང་ལས་ཀ་བྱས་མྱོང་ཡོད་པ་སྔོན་འགྲོའི་རྟོག་ཞིབ་ལས་ཤེས་རྟོགས་བྱུང་། འོན་ཀྱང་། ད་ལྟ་ལས་ཀ་བྱེད་མུས་ཡིན་མིན་དང་། ལས་འཁྱུར་ངལ་གསོ་བྱས་ཡོད་མེད། རྒྱ་ནག་གི་ཞིང་ཆེན་གང་དུ་བྱས་ཡོད་མེད་སོགས་ཞིབ་འཇུག་བྱེད་བཞིན་པ་ཡིན་ཞེས་དང་། དོགས་ཡོད་མི་དེས་དབྱིན་ཇིའི་སྐད་དང་ཧིན་རྡིའི་སྐད་ཡག་པོ་མི་ཤེས་པས། ང་ཚོས་རྒྱ་ཡིག་མཁས་པ་ཞིག་གི་རོགས་རམ་འོག་སྐད་ཆ་འདྲི་བཞིན་ཡོད། ང་ཚོས་རྒྱ་གར་དབུས་གཞུང་གི་གསང་བའི་ལས་ཁུངས་(IB)སོགས་ལ་རྒྱ་མི་འདི་འཛིན་བཟུང་བྱས་པའི་གནས་ཚུལ་མཁོ་སྤྲོད་བྱས་ཟིན་པ་ཡིན་ཞེས་རྒྱ་གར་གྱི་བང་ཆེན་གསར་འགོད་པར་བརྗོད་འདུག
དེ་བཞིན་གསར་འགོད་པས། ༧གོང་ས་མཆོག་གི་བཞུགས་གནས་གཙུག་ལག་ཁང་གི་ཉེ་འཁོར་དུ་དོགས་ཡོད་རྒྱ་མི་འདིའི་བྱ་སྤྱོད་འདྲ་མཐོང་ཡོད་མེད་དྲིས་པར། ཉེན་རྟོག་དཔོན་གྱིས་ཞིབ་འཇུག་ད་དུང་འགྲོ་བཞིན་པ་རེད། ས་ཁུལ་ཡོངས་ཀྱི་སྦས་ལམ་བརྙན་འཕྲིན་(CCTV) ལ་ཞིབ་འཇུག་བྱེད་བཞིན་པ་དང་། དོགས་ཡོད་མི་དེར་འདྲི་རྩད་བྱེད་བཞིན་ཡོད་ཅེས་བརྗོད་འདུག
དོགས་ཡོད་རྒྱ་མི་དེའི་དངུལ་ཁང་གི་བྱང་བུ་ལ་རྒྱ་སྒོར་འབུམ་བཞི་(གསར་འགྱུར་འགའ་ཤས་ཀྱི་ནང་རྒྱ་སྒོར་ས་ཡ་བཞི་ཞེས་བྲིས་འདུག)ཙམ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ཁོང་གི་ལག་ཐོགས་ཁ་པར་དང་གློག་ཆས་ཡོ་བྱད་གཞན་རྣམས་ཁྲིམས་ཐོག་ནས་བདག་བཟུང་གིས་བརྟག་དཔྱད་བྱེད་པར་བསྐུར་ཡོད་འདུག།
 
གསར་འགོད་པ། བློ་བཟང་རྒྱ་མཚོ།