སྐབས་༨ དྷ་ས་ས་འཐུས་ཚོགས་ཐེངས་གསུམ་པ།

སྐབས་༨ དྷ་ས་ས་འཐུས་ཚོགས་ཐེངས་གསུམ་པ་དྷ་སའི་ཁོར་ཡུག་ཚོགས་ཁང་དུ་འཚོགས་ནས། རྩིས་ལོ་༢༠༡༥་ནས་༢༠༡༦ བར་གྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབ་བྱས་ཡོད་པ་རེད།

dhasa sathu1དེ་ཡང་ཟླ་༣ ཚེས་༢༨ ཉིན་སྐབས་༨ བཞུགས་སྒར་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་ཐེངས་གསུམ་པ་དྷ་སའི་ཁོར་ཡུག་ཚོགས་ཁང་དུ་འཚོགས་ནས། རྩིས་ལོ་༢༠༡༥་ནས་༢༠༡༦ བར་གྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབ་བྱས་གནང་ཡོད་པ་རེད།

སྐབས་དེར་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་གནང་དོན།ས་གནས་འཐུས་ཚོགས་འདི་རྒྱུན་དུ་ས་འགོའི་ལས་དོན་ལ་སྐུལ་ལྕག་དང་རྟོག་ཞིབ་གནང་མཁན་དང་། སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་བྱེད་མཁན་ས་གནས་འདིའི་དབང་ཚད་མཐོ་ཤོས་ཀྱི་ལས་ཁུངས་ཅིག་ཆགས་ཡོད་པ་རེད། དེར་བརྟེན་ས་གནས་འགོ་འཛིན་གྱི་ལས་བསྡོམས་ཐོག་ལ་དྲི་བ་རེད། ཐུགས་སྣང་གཞེན་སྐུལ། སྐར་རྟགས་ཅན་གྱི་དྲི་བ་སོགས་ག་རེ་ཡོད་ཀྱི་གནང་དགོས་རེད་ཅེས་དང་།

དེ་བཞིན་ཁོང་གིས་མུ་མཐུད་གསུང་དོན། ས་གནས་འགོ་འཛིན་དང་ས་འགོའི་ལས་ཁུངས་ཀྱི་ལས་བྱེད་བཅས་པས་འགྲིག་མིན་གྱི་སྐད་ཆ་སོགས་གང་ཡོད་འདིར་གྲོས་ཚོགས་ར་བའི་ནང་གསུང་དགོས་པ་གལ་ཆེན་པོ་རེད། འགྲིག་མིན་ག་རེ་ཡིན་ཡང་ས་གནས་འགོ་འཛིན་གྱིས་བཀའ་ལན་གནང་ནས་གསལ་པོ་ཆགས་ཀྱི་རེད། དེ་མིན་རྒྱབ་ཏུ་རྒན་གོག་དེ་ཚོས་རྒྱབ་བཤད་རྒྱག་པ་ལྟ་བུ་བྱེད་ཉན་གྱི་མ་རེད། ང་ཚོ་ས་འཐུས་རྣམ་པ་ས་གནས་འགོ་འཛིན་གྱི་ལས་དོན་ལ་སྐུལ་ལྕག་དང་རྟོག་ཞིབ་ཡག་པོ་བྱེད་དགོས་རེད། དེ་མིན་ལོ་རེའི་ཚོགས་འདུ་ཐེངས་གཉིས་འཚོག་པ་དེ་དགོན་སྡེ་ཞིག་གི་ཆོག་ག་ཕྱག་ལེན་འདྲ་བོ་ཆགས་སོང་ན་ཕན་ཐོགས་ཀྱི་མ་རེད་ཅེས་དང་།

དེ་བཞིན་ཁོང་གིས་ང་ཚོ་ཚང་མས་བཞུགས་སྒར་འདི་གལ་ཆེན་པོ་ཡིན་པ་དང་། ས་གནས་འཐུས་ཚོགས་འདི་གལ་ཆེན་པོ་ཡིན་པ་ཚང་མས་བཤད་སྡོད་ཀྱི་ཡོད་རེད། གལ་ཆེན་པོ་ཡིན་པ་ལ་དཔག་པའི་ལས་དོན་སྒྲུབ་དགོས་པ་རེད། སྒེར་ངོས་ནས་བཤད་ན་ལས་དོན་མང་པོ་སྣེ་ལ་ཡོད་དེ། ས་གནས་འཐུས་ཚོགས་འདི་གལ་འགང་ཆེ་ཤོས་བརྩིས་ནས་ལས་དོན་སྒྲུབ་ཀྱི་ཡོད་སྐོར་སོགས་གསུང་སོང་།

དེ་བཞིན་ཉིན་དེར་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བསྡོམས་དང་། ས་གནས་མི་མང་གི་བདེ་སྡུག བཞུགས་སྒར་ཁུལ་གྱི་ཕེབས་ལམ། ཁྲོམ་སའི་དཀའ་ངལ། ཁོར་ཡུག་གཙང་བཟོ། ས་གནས་ཡུལ་མིའི་མཐུན་ལམ་སོགས་ཀྱི་ཐོག་ལ་བགྲོ་གླེང་གནང་ཡོད་པ་རེད།། གསར་འགོད་པ་བསྟན་འཛིན་ཟླ་བ།