དྷ་སའི་ཊེ་རོན་དུ་སྐྱོད་མཁན་ཡུལ་སྐོར་བ་ཚད་བཀག་བཟོས་པ་དང་སྒོར་མོ་ཡང་ལེན་རྒྱུ་རེད་འདུག
ཟླ་འདིའི་ཚེས་༤ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཤིང་ནགས་ལས་ཁུངས་ཀྱི་སྐྱེ་ཁམས་ཡུལ་སྐོར་མཐུན་ཚོགས་ཀྱིས་རྡོ་ལ་དྷལ་གྱི་རི་མགུལ་ (Triund) ་ཞེས་པ་དེར་སྐྱོད་མཁན་ཡུལ་སྐོར་བ་ཚོ་ལ་དངུལ་ལེན་རྒྱུ་དང་། ཉི་མ་གཅིག་རིང་། མི་གྲངས་༤༠༠ ལྷག་འགྲོ་མི་ཆོག་པ་སོགས་སྒྲིག་གཞི་གསར་པ་ཁག་ཅིག་གཏན་འབེབས་བྱས་ཡོད་འདུག

ཉེ་ཆར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཤིང་ནགས་ལས་ཁུངས་ཀྱི་སྐྱེ་ཁམས་ཡུལ་སྐོར་མཐུན་ཚོགས་ཀྱིས་ཚོགས་འདུ་ཞིག་ཚོགས་ནས་སྒྲིག་གཞི་གསར་པ་ཁག་ཅིག་གཏན་འབེབས་བྱས་ཡོད་པའི་ནང་། དྷ་ས་ནས་ཊེ་རོན་ཊི་(Triund) ་ལ་ཡུལ་སྐོར་བ་དང་ས་གནས་མི་མང་སྤྲོ་འཆམ་འགྲོ་མཁན་མི་རེར་ཧིན་སྒོར་༢༠༠ རེ་ལེན་རྒྱུ་དང་། ཉིན་གཅིག་ནང་མི་གྲངས་༤༠༠ མ་གཏོགས་འགྲོ་མ་ཆོག་པ་བཟོས་ཡོད་འདུག དེ་བཞིན་རི་འགོར་གུར་ཁྱོན་བསྡོམས་༢༠ མ་གཏོགས་དབུབ་མི་ཆོག་པ་དང་། མཚན་གཅིག་ལ་ཡུལ་སྐོར་བ་༤༠ མ་གཏོགས་ཞག་སྡོད་བྱེད་མི་ཆོག་པ་བཟོད་ཡོད་པ་མ་ཟད། རི་འགོར་ཞག་སྡོད་བྱེད་མཁན་ཚོས་ཁྲལ་དང་ཧིན་སྒོར་༡༠༠༠ སྤྲད་དགོས་པ་བཟོས་ཡོད་འདུག
ཤིག་ནགས་ལས་ཁུངས་ཀྱིས་སྒྲིག་གཞི་དེ་དག་ལག་བསྟར་བྱེད་ཆེད། དངུལ་ལེན་སའི་འགག་སྒོ་ཞིག་གྷ་ལོད་(Gallu) ཅེས་པའི་ས་ཚིགས་སུ་བཙུགས་ཡོད་འདུག
སྐྱེ་ཁམས་ཡུལ་སྐོར་མཐུན་ཚོགས་ཀྱི་ཚོགས་མི་དྷ་ནེ་ཤེ་ཀུ་མར་(Dinesh Kumar) ་གྱིས། སྒྲིག་གཞི་དེ་དག་ནི་ཧི་མ་ཅལ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་གི་བཀའ་ལྟར་ཡུལ་སྐོར་བ་ཚོ་སྟངས་འཛིན་བྱེད་ཆེད་སྒྲིག་གཞི་དེ་དག་གཏན་འབེབས་བྱས་ཡོད་པ་དང་། ཡུལ་སྐོར་བ་ཚོ་ནས་བསྡུ་ལེན་བྱས་པའི་ཡོང་འབབ་ཀྱིས། ཡུལ་སྐོར་བའི་མཐུན་སྦྱོར་ཇེ་ལེགས་སུ་གཏོང་རྒྱུར་བེད་སྤྱོད་གཏོང་རྒྱུ་རེད་ཅེས་བརྗོད་ཡོད་འདུག
དྷ་སར་ཡོད་པའི་མགྲོན་ཁང་དང་ཟ་ཁང་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ཤེ་ཝ་ནེ་བྷམ་བྷ་(Ashwani Bamba) ་ཡིས། རི་འགོ་ལ་འགྲོ་མཁན་མང་ཆེ་བ་ནི་དངུལ་གྱི་རྒྱབ་རྟེན་ཞན་པའི་སློབ་ཕྲུག་དང་རྩེད་རིགས་ཐོག་སྦྱོང་བརྡར་བྱེད་མཁན་ཚོ་ཡིན་པ་དང་། ཁོང་ཚོ་རི་འགོ་བསྐྱོད་པར་ཧིན་སྒོར་༥༠ རེ་བླངས་ན་ལེགས་ཚུལ་དང་། རི་འགོ་ལ་གུུར་ཕུབ་ནས་སྡོད་མཁན་ཚོ་ལ་ཧིན་སྒོར་༡༠༠༠ ལེན་པའི་ཐོག ཁོང་ཚོ་ལ་ཆུ་དང་། ཉལ་ཁྲི། གསང་སྤྱོད་སོགས་ཀྱི་མཐུན་སྦྱོར་མ་བྱས་པ་ནི་རྒྱུ་མཚན་དང་བྲལ་བ་ཞིག་རེད་ཅེས་དང་། ང་ཚོས་ཤིང་ནགས་ལས་ཁུངས་ལ་གུར་ཕུབ་པའི་རིན་གོང་ཐོག་བསྐྱར་དུ་བསམ་གཞིག་ཡོང་བའི་རེ་བ་ཞུས་ཡོད། མི་གྲངས་གཉིས་ཤོང་ཚད་ཀྱི་གུར་རེ་ལ་རིན་གོང་ཧིན་སྒོར་༢༠༠ ལྷག་ལེན་རྒྱུ་མི་འདུག་ཅེས་བརྗོད་འདུག
ཤིང་ནགས་ལས་ཁུངས་ཀྱིས་སྒྲིག་གཞི་དེས་ཡུལ་སྐོར་བ་དང་རང་བྱུང་འཁོར་ཡུག་གཉིས་ཀ་ལ་ཕན་ཐོགས་ཡོད་པ་ཞིག་མཐོང་ཡང་། ཡུལ་སྐོར་དང་འབྲེལ་བའི་ཚོང་ལས་གཉེར་མཁན་ཚོས། ཤིང་ནགས་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་སྒྲིག་གཞི་ལ་དགག་པ་བྱས་ཤིང་། ཁོང་ཚོས་ཡུལ་སྐོར་བ་ཉུང་དུ་འགྲོ་སྲིད་པ་དང་ཁོང་ཚོའི་ཚོང་ལས་ལ་དོ་ཕོག་འགྲོ་སྲིད་པའི་ཐོག་སེམས་འཚབ་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།