དྷ་སའི་མགྲོན་ཁང་གི་རྙོག་གྲ་དང་འབྲེལ་ནས་ས་འཐུས་ཀྱི་དབང་ཆ་ཆུང་དུ་ཕྱིན་པ།
དྷ་སའི་མགྲོན་ཁང་ཁག་གི་བདག་པོ་རྣམས་ཀྱི་ཞུ་གཏུག་དང་གནོན་ཤུགས་འོག རྒྱ་གར་གྱི་ས་གནས་འཐུས་ཚོགས་ཀྱི་དབང་ཆ་ཞིག་མེད་པ་བཟོས་ནས་གཞན་ལ་ཆ་བགོས་བྱས་འདུག་པས། དེ་ནི་ཆབ་སྲིད་ཀྱི་འགུལ་སྐྱོད་ཅིག་ཡིན་པར་བརྗོད་བཞིན་འདུག
ཟླ་འདིའི་ཚེས་༡༥ ཉིན་རྒྱ་གར་གྱི་དུས་བབ་སྟེང་གནས་ཚུལ་བཀོད་གསལ་གཞིགས་ན། དེ་སྔོན་དྷ་སའི་རྒྱ་གར་གྱི་ས་གནས་འཐུས་ཚོགས་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གཉིས་ཀྱིས། དྷ་ས་མེག་གྷན་ཁུལ་གྱི་མགྲོན་ཁང་༧༠ ལྷག་གིས། མགྲོན་ཁང་འཛུགས་སྐྲུན་གྱི་ཁྲིམས་དང་འགལ་བ་ར་སྤྲོད་བྱུང་ནས། དེ་དག་ལས་བོད་མི་དང་རྒྱ་གར་གྱི་མགྲོན་ཁང་༢༠ ལ་ཆུ་དང་གློག་གི་མཁོ་སྤྲོད་བཀག་ཡོད་འདུག་ཀྱང་། ད་ལྟའི་ཆར་གནད་དོན་དེའི་ཐད་ཀྱི་དབང་ཆ་དེ་གྲོང་རྡལ་དང་རྒྱལ་ཁབ་འཆར་འགོད་ལས་ཁང་ལ་སྤྲད་ནས།ས་གནས་འཐུས་ཚོགས་ལ་དེའི་ཐད་དབང་ཆ་མེད་པ་བཟོས་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༡༦ ལོའི་ཟླ་༩ པའི་ནང་དྷ་ས་དེ་དེང་དུས་ཀྱི་གྲོང་ཁྱེར་དུ་འཛུགས་སྐྲུན་ཐུབ་ཆེད། གྲོང་རྡལ་དང་རྒྱལ་ཁབ་འཆར་འགོད་ལས་ཁང་གི་དབང་ཆ་དེ། དྷ་སའི་ས་གནས་འཐུས་ཚོགས་ལ་སྤྲད་ཡོད་འདུག་ཀྱང་། ཉེ་ཆར་མེག་གྷན་ཁུལ་གྱི་མགྲོན་ཁང་མང་པོ་ཞིག་ལ་དགོས་མཁོའི་ས་ཁྲའི་ཡིག་ཆ་དང་། ཁོར་ཡུག་གཙང་སེལ་གྱི་ཡིག་ཆ། དེ་བཞིན་འཛུགས་སྐྲུན་གྱི་ཁྲིམས་ཡིག་ཁག་ཅིག་དང་འགལ་བ་ཤེས་ཏེ། མགྲོན་ཁང་༢༠ ལ་ཆུ་དང་གློག་གི་མཁོ་སྤྲོད་བཀག་སྡོམ་བྱས་རྐྱེན། མགྲོན་ཁང་བདག་པོ་ཚོས་མངའ་སྡེའི་གཞུང་འཛིན་ཚོགས་པ་ཀོང་རེ་སིའི་བློན་ཆེན་ཁག་དང་ཐུག་ནས་དེའི་ཐད་ཞུ་གཏུག་བྱས་ཡོད་པ་དང་། དེའི་རྗེས་སུ་དྷ་སའི་ས་གནས་འཐུས་ཚོགས་ལ་གནད་དོན་དེའི་ཐད་དབང་ཆ་མེད་པ་བཟོས་ནས། དབང་ཆ་དེ་གྲོང་རྡལ་དང་གྲོང་ཁྱེར་འཛུགས་སྐྲུན་ལས་ཁང་ལ་ཆ་བགོས་བྱེད་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག
དྷ་སར་ཉེ་འཁོར་གྱི་མངའ་སྡེ་ཁག་ནས་རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་ཕོན་ཆེན་སླེབས་བཞིན་པ་དང་བསྟུན། མགྲོན་ཁང་གི་དགོས་མཁོ་ཆེན་པོ་ཆགས་ཀྱི་ཡོད་པས། མགྲོན་ཁང་དང་ཟ་ཁང་འཛུགས་སྐྲུན་ཤུགས་ཆེ་བྱེད་བཞིན་འདུག ས་གནས་མི་མང་ལ་ཆུའི་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། མགྲོན་ཁང་ཁག་ཅིག་གིས་ཆུ་ཉོ་དགོས་པ་འབྱུང་གི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
