དྷ་སའི་ལག་སྤོལ་རྩེད་འགྲན་གྱི་གཟེངས་རྟགས་མཛད་སྒོ།
ཟླ་འདིའི་ཚེས་༣༠ ཉིན་དྷ་ས་གངས་སྐྱིད་ལག་སྤོལ་རྩེད་ཐང་དུ་དྷ་སར་གནས་སྡོད་བར་གྱི་ཐེངས་འདིའི་ལག་སྤོལ་རྩེད་འགྲན་གྱི་གཟེངས་རྟགས་སྤྲད་དེ། མཇུག་བསྡུས་ཡོད་པ་དང་། བུ་རྩེད་འགྲན་རུ་ཁག་༡༦ མཉམ་ཞུགས་བྱས་པའི་ནང་ནས་ཨང་དང་པོ་ཐུ་བྷོད་རུ་ཁག་དང་། ཨང་གཉིས་པ་ཨོལ་སི་ཊར་(Allstar) རུ་ཁག བུད་མེད་རུ་ཁག་༤ མཉམ་ཞུགས་བྱས་པའི་ནང་ནས་ཨང་དང་པོ་གངས་སྐྱིད་རུ་ཁག་དང་། ཨང་གཉིས་པ་མུན་སེལ་རུ་ཁག་ལ་ཐོབ་ཡོད་པ་རེད།
སྐབས་དེར་མཇུག་སྡོམ་མཛད་སྒོའི་ཐོག་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དང་འཕྲོད་བསྟེན་དྲུང་ཆེ།བདེ་སྲུང་དྲུང་ཆེ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སོགས་སྐུ་མགྲོན་དུ་ཕེབས་འདུག
སྐབས་དེར་འཕྲོད་བསྟེན་དྲུང་ཆེས་ཐེངས་འདིའི་རྩེད་འགྲན་གྱི་ནང་དུ་གཞོན་སྐྱེས་༡༢༠ ལྷག་ལ་འཕྲོད་བསྟེན་གྱི་ཐོག་ནས་ཕན་ཐོགས་བྱུང་ཡོད་པ་དང་། ལྷག་པར་དུ་ཏོག་དབྱིབས་གཉན་རིམས་༡༩ ཁྱབ་གདལ་འགྲོ་བཞིན་པའི་དུས་སྐབས་འདིར་མི་ཚང་མ་ལ་ལུས་སེམས་ཀྱི་དཀའ་ངལ་ཡོད་པ་དང་། དུས་སྐབས་དེ་འདྲ་ལ་སྒོར་གཞས་དང་རྩེད་མོའི་རིགས་གོ་སྒྲིག་ཞུས་པ་ནི་དུས་དང་འཚམ་པ་ཞིག་ཡིན་པའི་གཏམ་བཤད་གནང་སོང་།
ཐེངས་འདིའི་རྩེད་འགྲན་ན་གཞོན་ཁག་ཅིག་གིས་དང་བླངས་ཐོག་གོ་སྒྲིག་བྱས་ཡོད་པ་དང་། རྩེད་མོ་དངོས་གཞི་ཟླ་འདིའི་ཚེས་༢༣ ནས་འགོ་འཛུགས་བྱས་ཡོད་པ་རེད།
རྩེད་འགྲན་དེ་གོ་སྒྲིག་བྱེད་དགོས་དོན་ནི་ཨ་རིའི་ལག་སྤོལ་རྩེད་འགྲན་པ་གྲགས་ཅན་ The Enes Kanter Freedom ཡིས་རང་ཉིད་ཀྱི་མིང་གྲགས་དང་ཁེ་བཟང་བློས་བཏང་ནས་བོད་དང་ཧོ་ཀོང་སོགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་བྱས་དང་བྱེད་མུས་ཡིན་པས། རྩེད་མོ་བ་ཁོང་གི་བཀའ་དྲིན་དྲན་གསོ་དང་། དེ་བཞིན་ས་གནས་སུ་གཞོན་སྐྱེས་མང་པོས་རྩེད་མོ་རྩེ་འདོད་ཆེ་བས་ཁོང་ཚོའི་རེ་འདོད་སྐོང་བའི་དོན་དུ་ཡིན་སྐོར་གོ་སྒྲིག་བྱེད་མཁན་ངག་དབང་རྣམ་གྲོལ་གྱིས་འགྲེལ་བརྗོད་བྱས་སོང་། །
གསར་འགོད་པ་བློ་བཟང་རྒྱ་མཚོ།