དྷ་སའི་ས་འཐུས་ཚོགས་འདུ།
ཟླ་འདིའི་༣ ཚེས་༢༦ ཉིན་སྐབས་བརྒྱད་པའི་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་དུས་ལྔ་པ་དེ་དྷ་ས་ཁོར་ཡུག་ཚོགས་ཁང་དུ་འཚོགས་ཡོད་པ་དང་། ཉིན་དེར་གཙོ་བོ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྩིས་ལོ་༢༠༡༦ ནས་༢༠༡༧ བར་གྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་བྱས་ཡོད་པ་རེད།
སྐབས་དེར་ས་འཐུས་ཚོགས་གཙོ་ངག་དབང་ཐར་པས་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་གནང་སྐབས། ཐོག་མར་བོད་ས་ཤོར་སྐབས་རང་དབང་མི་རིགས་ཀྱི་ཆེད་དུ་བོད་མི་འབུམ་བཅུ་གཉིས་ཀྱི་ཚེ་སྲོག་ཤོར་བའི་སྐོར་དང་། ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་སྟོང་ཕྲག་མང་པོའི་སྲོག་ཤོར་བ། ད་བར་རང་ལུས་མེར་སྲེག་གནང་མཁན་སྐོར་སོགས་གསུངས་པ་དང་། “ད་བར་ས་འཐུས་སྐབས་དྲུག་པ་ནས་བདུན་པ་བཅས་སྐབས་གཉིས་རིང་ལས་ཀ་བྱས་པ་ཡིན། དེའི་རིང་ལ་ང་ཚོ་ས་འཐུས་ནང་ཁུལ་ཕན་ཚུན་དགའ་མི་དགའི་དཀའ་ངལ་འཕྲད་པ་བྱུང་མེད་པ་དེ་ཡག་པོ་རེད། གང་ཟག་སྒེར་ངོས་ནས་གང་ཐུབ་ཐུབ་ཀྱིས་སྤྱི་ལ་ཕན་པའི་བསམ་བློ་གཏོང་གི་ཡོད། གང་ལྟར་ང་ཚོས་ཕན་མ་ཐོགས་ཀྱང་གནོད་མ་སྐྱེལ་ཟེར་བའི་ཚིག་འདི་ང་ཚོས་ཡིད་ལ་བཟུང་ནས་ལས་དོན་སྒྲུབ་དགོས་པ་གནད་འགག་རེད། ས་འཐུས་ཚོགས་གཙོ་བྱས་ནས་འདས་པའི་ཚོགས་ཐེངས་བཞིའི་རིང་། ས་གནས་ཀྱི་ལས་དོན་དང་། ས་གནས་འགོ་འཛིན་གྱི་ལས་དོན་ལ་རྟོག་ཞིབ་དང་། སྐུལ་ལྕགས། ཚོགས་སྡེ་ཁག་གི་མགྲོན་བརྡ་འབྱོར་བ་ཚང་མར་བཅར་གང་ཐུབ་བྱས་ཡོད། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྙིང་པ་ཚོ་དང་མཇལ་འཕྲད། ཕུང་པོ་བདག་མེད་སྐྱེལ་བ། སྐུ་ཕྱྭའི་ཞབས་རིམ་སོགས་ལས་དོན་གང་ལྕོག་འབད་བརྩོན་བྱས་ཡོད་ཅེས་སོགས་གསུངས་སོང།
དྷ་ས་ས་གནས་འཐུས་ཚོགས་ལ་ཆོལ་ཁ་རིས་མེད་ཀྱི་ཚོགས་མི་བཅོ་ལྔ་ཡོད་ཁོངས་ནས། ས་འཐུས་གསུམ་དགོངས་ཞུ་བྱས་པར་བརྟེན། ས་འཐུས་༡༢ མཉམ་ཞུགས་བྱས་འདུག དེ་བཞིན་ཉིན་དེར་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་དང་། རྩིས་ལོ་༢༠༡༦ ནས་༢༠༡༧ བར་གྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས། ས་གནས་མི་མང་གི་བདེ་སྡུག དྷ་ས་ཁུལ་གྱི་ཁྲོམ་སའི་དཀའ་ངལ། ཁོར་ཡུག་གཙང་བཟོ། ས་གནས་ཡུལ་མིའི་མཐུན་ལམ་སོགས་ཀྱི་ཐོག་ལ་བགྲོ་གླེང་གནང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།