དྷ་སར་བོད་མི་ཞིག་རྡབ་སྐྱོན་ལས་གྲོངས་བ།

ཟླ་འདིའི་ཚེས་༦ ཉིན་དྷ་ས་མེག་ལོར་ནས་རྡ་སྟེང་བོད་ཁྱིམ་བར་གྱི་ནགས་ཚལ་ནང་གི་མགྱོགས་ལམ་སྟེང་དུ་བོད་མི་ཞིག་གྲོངས་ཡོད་པ་དེ་རྡབ་སྐྱོན་གྱིས་གྲོངས་ཡོད་པ་ཉེན་རྟོག་པས་ར་སྤྲོད་བྱས་འདུག

karmaདེ་ཡང་ཟླ་འདིའི་ཚེས་༡༧ ཉིན་ཕ་ཡུལ་དྲ་རྒྱའི་སྟེང་གནས་ཚུལ་ཐོན་གསལ། དྷ་སའི་ས་གནས་འགོ་འཛིན་ཚེ་རིང་ལྷ་མོས་གསུང་དོན། ཉེན་རྟོག་པས་རོ་དཔྱད་བྱས་པ་བརྒྱུད། འདས་པོ་དེ་མགོ་རྡབ་སྐྱོན་བྱུང་རྐྱེན་ཀླད་ཁྲག་འདྲེས་ནས་གྲོངས་ཡོད་པ་ར་སྤྲོད་བྱུང་བ་དང། རོ་རྙེད་ཡུལ་དེ་བྲག་གཡང་ཕུ་ཊི་༤༠ ཡི་འོག་ལ་ཡོད་པས། དེ་ལས་ཟག་ནས་གྲོངས་པ་འདྲ་བོ་འདུག དེ་བཞིན་ཁོང་གི་དངུལ་དང་ཆུ་ཚོད་སོགས་ཅ་དངོས་ཆ་ཚང་ཁོང་གི་སྟེང་དུ་འདུག་པས། གནས་ཚུལ་དེ་འཕྲོག་བཅོམ་བྱས་པའི་གནས་ཚུལ་འདྲ་བོ་མེད་སྐོར་འགྲེལ་བརྗོད་བྱས་འདུག

འདས་པོ་ཀརྨ་ལྷུན་གྲུབ་ནི་བོད་ནས་ཡོང་བ་ཡིན་པ་དང། དེ་སྔོན་དགའ་ལྡན་ཆོས་གླིང་དགོན་པ་དང་དེ་རྗེས་བཀྲ་ཤིས་ལྗོངས་དགོན་པར་མ་བྱན་གྱི་ལས་ཀ་བྱེད་མྱོང་ཡོད་འདུག ཁོང་ཆང་ས་བརྒྱབ་མེད་ཁར་། རྒྱ་གར་དུ་ནང་མི་སྤུན་མཆེད་མེད་པས། བཀྲ་ཤིས་ལྗོངས་དགོན་པས་ཕུང་པོ་མེར་སྲེག་དང་ཆོ་ག་སོགས་བྱས་ཡོད་འདུག

གནས་ཚུལ་དེ་དང་འབྲེལ་ནས་བོད་མིའི་སྤྱི་ཚོགས་ཁྲོད་དོགས་པ་དང་ལབ་གླེང་སྣ་ཚོགས་བྱུང་ཡོད་པས། ས་གནས་འགོ་འཛིན་གྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་སྟེང། ཁུངས་ལུང་མེད་པའི་ལབ་གླེང་ལ་ཡིད་ཆེས་མི་རུང་སྐོར་ནན་སྐུལ་བྱས་འདུག

གསར་འགོད་པ་སྐལ་བཟང་དོན་གྲུབ།