དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་བྱས་པའི་དཔེ་དེབ་ངོ་སྤྲོད།
གཙུག་ལག་གཞུང་ཆེན་མཇལ་བའི་ཟིན་ཐོ།
དགེ་བཤིས་འཇིགས་མེད་བློ་གྲོས་ཀྱིས་བརྩམས་པའི་<<གཙུག་ལག་གཞུང་ཆེན་མཇལ་བའི་ཟིན་ཐོ་>>ནི་བོད་ཀྱི་དཔེ་མཛོད་ཁང་གིས་ནང་ཆོས་དེབ་ཕྲེང་༣༣ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། གྱི་དེབ་འདི་ནི་བརྗོད་བྱའི་ཐད་བོད་ཀྱི་ཆོས་སྒར་ཆེ་ཁག་རྣམས་སུ་བཀའ་བསྟན་གྱི་གསུང་རབ་དགོངས་པ་འགྲེལ་བའི་བོད་རྩོམ་ཇི་སྙེད་ཅིག་ཡོད་པའི་པ་ཁོངས་ནས་ཡིག་ཆ་གང་དང་གང་དེང་གི་ཐ་སྙད་དུ་སློབ་ཚན་གྱི་དེབ་ཏུ་བཞག་པ་རྣམས་ཀྱི་ངོ་སྤྲོད་རྒྱས་བསྡུས་འཚམ་པ་ཞིག་ཆགས་ཡོད་ན་རྩ་བའི་བརྗོད་བྱ་འཚམ་པ་གསར་པ་མིན་ཡང་དེབ་ཀྱི་ངོ་བོར་བརྗོད་བྱ་འདི་རིགས་ཅན་རྩལ་དུ་བཏོན་ནས་དཔར་སྐྲུན་ཞུས་པ་དེ་སྔ་མཇལ་དུ་དཀོན་པ་དང་། དེའི་སྟེང་སངས་རྒྱས་པའི་གཞུང་ཆེན་སྟེང་དགེ་བཤེས་ལགས་རང་ཉིད་ནས་དཔྱད་མཐར་སོན་པའི་གཟིགས་ཕྱོགས་ ཁག་ཅིག་ཀྱང་ལུང་རིགས་ཀྱིས་བཀྲལ་བ་འདི་ན་ཡོད་ཅིང་། གཞན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོའི་གསུང་ལས་ཕེབས་པའི་གཞུང་ཆེན་སློབ་གཉེར་གནང་ས་ཕྱོགས་ཀྱི་སྟེང་ཚན་རིག་གི་ཤེས་བྱའི་སྐོར་ཡང་གཅིག་ཏུ་སྨྲས་ཏེ་བརྩམས་ཆོས་གནང་ཡོད་འདུག །
མི་མངོན་པའི་འཆིང་འཐག
ལྷག་པ་དོན་གྲུབ་ཀྱིས་བརྩམས་པའི་བརྩམས་སྒྲུང་<<མི་མངོན་པའི་འཆིང་འཐག་>>ཅེས་པ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་སྐད་ཡིག་དེབ་ཕྲེང་༣༤ པའི་ངོ་བོར་བསྐྱར་དུ་པར་སྐྲུན་བྱས་ཡོད་པ་དང་། མི་མངོན་པའི་འཆིང་ཐག་ཅེས་པའི་བརྩམས་སྒྲུང་འདི་ནི་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་འགོ་ཙམ་ནས་དེང་གི་བར་བོད་ནང་དུ་བརྩམས་སྒྲུང་རིང་བ་དང་། འབྲིང་བ། ཐུང་བ་བཅས་གཅིག་ རྗེས་གཉིས་འཐུད་རྩོམ་སྤེལ་གྲངས་ལས་འདས་པ་བྱུང་དང་འབྱུང་བཞིན་པ་ལས་ རྩོམ་པ་པོ་ལྷག་པ་དོན་གྲུབ་ལགས་ཀྱིས་བརྩམས་གནང་བའི་བརྩམས་སྒྲུང་འབྲིང་གྲས་ཤིག་ཡིན་ཞིང་། ཕྱི་ལོ་༡༩༩༠ ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་དང་པོ་ནས་དྲུག་པ་བར་དང་། ཕྱི་ལོ་༡༩༩༡ ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་དང་པོ་དང་། གསུམ་པ་བཅས་ཁྱོན་དུས་དེབ་གྲངས་བརྒྱད་ཀྱི་ནང་མུ་འགོད་ཀྱིས་པར་སྐྲུན་བྱུང་འདུག དེ་ནས་ཕྱི་ལོ་༡༩༩༥ ལོའི་ཟླ་བ་༣ ནང་བོད་ཀྱི་དེང་རབས་རྩོམ་པ་པོའི་དཔེ་ཚོགས་གཉིས་པ། ཞེས་པའི་ཁོངས་སུ་མི་མངོན་པའི་འཆིང་ཐག་ཅེས་པའི་བརྩམས་སྒྲུང་འདི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དེབ་གཟུགས་སུ་དཔར་སྐྲུན་གནང་བ་ཞིག་ཡིན་འདུག །
བལ་ཡུལ་གྱི་གནས་བཤད་ངོ་མཚར་གཏམ་གྱི་རོལ་མོ།
གཉའ་ནང་བུར་སྲས་པ་རིན་ཆེན་དར་ལོས་རྩོམ་སྒྲིག་བྱས་པའི་བལ་ཡུལ་གྱི་གནས་བཤད་ངོ་མཚར་གཏམ་གྱི་རོལ་མོ་ཞེས་པ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༤༤ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། དེབ་འདིའི་ནང་དོན་གཙོ་བོ་བལ་ཡུལ་ཏེ་ནེ་པཱལ་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དག་མདོ་རྒྱུད་ནས་ལུང་གིས་ཟིན་པ་མཆོད་རྟེན་རྣམ་གསུམ་གཙོ་བོར་གྱུར་པ་དང་གཙུག་ལག་ཁང་སོགས་མཆོད་ཡུལ་གྱི་རྟེན་དུ་མས་ཁེངས་ནས་ཡོད་པ་རྣམས་ཕྱག་མཆོད་བདེ་བའི་ཆེད་ལྷ་ཁང་སོ་སོའི་བཞུགས་གནས་དང་རྟེན་གྱི་ངོ་བོ་གང་ཡིན་ངོ་སྤྲོད་དང་། ལྷག་པར་བོད་མི་རྣམས་དང་དམིགས་བསལ་འབྲེལ་ཡོད་མཆོད་རྟེན་རྣམ་གསུམ་གྱི་ལོ་རྒྱུས་རྒྱས་བཤད་ཐོག་གསེར་ཟངས་ཀྱི་ན་བཟའ་འབུལ་རྒྱུས་མཚོན་ཉམས་གསོའི་ཐུགས་འགན་ཡོངས་རྫོགས་དུས་རབས་སྔ་རྗེས་སོ་སོར་བོད་ཀྱི་བླ་མ་སྐྱེས་ཆེན་རྣམས་ཀྱིས་བདག་རྐྱེན་གནང་བ་མ་ཟད། ༧རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་ནས་བཟུང་ མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གནས་འཛིན་རིམ་བྱུང་གི་ཕོགས་ཐོབ་བོད་གཞུང་ནས་གནང་བའི་སྐོར་འཁོད་ཡོད་པ་རེད།།
ཀུན་ཕན་བདུད་རྩིའི་བུམ་བཟང་།
རེབ་ཀོང་བློ་བཟང་ཆོས་འབྱོར་གྱིས་བརྩམས་པའི་<<ཀུན་ཕན་བདུད་རྩིའི་བུམ་བཟང་>>ཞེས་པ་འདི་བོད་ཀྱི་དཔེ་མཛོད་ཁང་གིས་རྣམ་ཐར་དེབ་ཕྲེང་༢༨ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ་མི་ཕམ་དབྱངས་ཅན་དགེས་པའི་རྡོ་རྗེ་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་སྙིང་བསྡུས་《ཀུན་ཕན་བདུད་རྩིའི་བུམ་བཟང་》ཞེས་བྱ་བ་འདི་ནི་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་རྣམ་ཐར་བརྗོད་བྱར་བྱས་ཏེ་རྣམ་ཐར་རྒྱས་པ་གཞི་ལ་བྱས་ཏེ་བརྩམས་པར་མ་ཟད་ལོ་རྒྱུས་ཀྱི་དགོས་མཁོར་དམིགས་ཏེ་ལོ་ཟླ་ཚེས་གྲངས་དང་། ས་གནས། མི་སྣ། བྱུང་བ་དངོས་མ་འཛོལ་བ་དང་རྣམ་ཀུན་ལས་ཅུང་གསལ་ཁ་དོད་པ་དང་། དེ་འབྲེལ་དགོན་དང་སྔ་ཕྱིའི་བླ་སློབ་ཀྱིས་འབྲེལ་བཏབ་སྟེ་ང་ཚོར་ཅི་ཐུབ་ཀྱིས་བརྗོད་བྱ་གསལ་པོ་དང་རྗོད་བྱེད་གོ་བདེར་བཟོས་པ་ཡོད་པ་རེད།།
ནང་པའི་གནས་ཆེན་ཁག་གི་གནས་བཤད།
དགེ་བཤེས་བསྟན་འཛིན་ཀླུ་སྒྲུབ་ཀྱིས་བརྩམས་པའི་<<ནང་པའི་གནས་ཆེན་ཁག་གི་གནས་བཤད་>>ཅེས་པ་འདི་བོད་ཀྱི་དཔེ་མཛོད་ཁང་གིས་ལོ་རྒྱུས་དེབ་ཕྲེང་༤༦ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། དེབ་དེའི་ལེ་ཚན་ཆེན་པ་ ༡) སེར་སྐྱའི་གྲོང་དང་དེའི་ཉེ་འཁོར་གྱི་གནས་ཆེན་ཁག ༢) རྡོ་རྗེ་གདན་དང་དེའི་ཉེ་སྐོར་གྱི་གནས་ཆེན། ༣) ཆོས་འཁོར་དང་པོ་བསྐོར་བའི་གནས་ཝཱ་རཱ་ཎཱ་སཱི། ༤) ནཱ་ལནྡཱ་དང་ཉེ་སྐོར་གྱི་གནས་ཆེན་ཁག ༥) རྒྱ་གར་ལྷོ་ཕྱོགས་ཀྱི་གནས་ཆེན་ཁག ༦) རྒྱ་གར་བྱང་ཕྱོགས་དང་བྱང་ཤར་ཁུལ་གྱི་གནས་ཆེན། ༧) འབྲུག་ཡུལ་གྱི་གནས་ཆེན་ཁག ༨) བལ་ཡུལ་གྱི་གནས་ཆེན་ཁག ༩) ཡེ་རང་གྲོང་ཁྱེར་ཕྱོགས་ཀྱི་གནས་ཆེན་ཁག ༡༠) བལ་ཡུལ་རྒྱལ་ས་ཀཱཐ་མན་ཊུ་རུ་ཡོད་པའི་གནས་ཆེན། ༡༡) བལ་ཡུལ་ཡང་ལེ་ཤོད་ཀྱི་གནས་ཆེན་ཁག་བཅས་འཁོད་ཡོད་པ་རེད།།