ན་ག་སངས་རྒྱས་བསྟན་དར་གྱིས་འདེམས་ལྷན་ཚོགས་མིའི་ལས་འཁུར་དམ་འབུལ་ཞུས་འདུག
ཟླ་འདིའི་ཕྱི་ཚེས་༡༨ ཉིན་གྱི་སྔ་དྲོར་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་འགན་འཛིན་ན་ག་སངས་རྒྱས་བསྟན་དར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་གྱི་དྲུང་ནས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིའི་ལས་འཁུར་དམ་འབུལ་ཞུས་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༣ ཉིན་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་༡༧༧ པའི་ཐོག་སྤྱི་འཐུས་དགུས་གསང་བའི་འོས་ཤོག་འཕེན་ནས་མང་མོས་ཀྱི་ཐོག་ནས་ཁོང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བདམས་ཐོན་བྱུང་ཡོད་པ་རེད།
ཕྱི་ལོ་༡༩༦༡ ཟླ་༩ ཚེས་༡༥ ཉིན་ ཁོང་རྒྱ་གར་བྱང་ཕྱོགས་མ་ནཱ་ལིར་སྐྱེས་ཤིང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཉིན་སློབ་ནས་གཞི་རིམ་གྱི་སློབ་སྦྱོང་ཚར་རྗེས་ཕྱི་ལོ་༡༩༨༡ ལོར་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་ལོ་ངོ་༩ རིང་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་སློབ་སྦྱོང་བྱས་མཐར་ཨཅཱརྱའི་བསླབ་པ་མཐར་སོན་ཏེ། གསེར་གྱི་རྟགས་མའི་བྱ་དགའ་ཞེས་པ་ཡང་ཐོབ་ཡོད་པ་དང་། དེ་ནས་རིམ་པས་བཙན་བྱོལ་གྱི་སློབ་གྲྭ་ཁག་ནང་དགེ་རྒན་གནང་རྗེས། ཕྱི་ལོ་༡༩༩༡ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་འགྱུར་སྡེ་ཚན་དུ་ཞུགས་ཏེ་ཕྱི་ལོ་༢༠༠༥ ནས་བཟུང་དེ་གའི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་བོད་ཡིག་དཔར་སྐྲུན་གྱི་རྩོམ་སྒྲིག་པ། གཏམ་ཚོགས་ཀྱི་རྩོམ་སྒྲིག་པ། བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་དགེ་རྒན་བཅས་གཅིག་ལྕོགས་སུ་གནང་མུས་ཡིན་པ་མ་ཟད། ༧གོང་ས་མཆོག་གི་ཕྱག་དཔེ་འགའ་ཞིག་བོད་བསྒྱུར་གནང་བ་དང་། མུ་དགེ་བསམ་གཏན་གྱིས་བརྩམས་པའི་བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ་ཞེས་པའི་ལོ་རྒྱུས་དེབ་ཆུང་དེ་དབྱིན་ཡིག་ནང་བསྒྱུར་བ། དེ་བཞིན་ཁོང་རང་གིས་བརྩམས་གནང་བའི་བོད་ཀྱི་བརྡ་སྤྲོད་ནག་ཊིཀཿབཅས་བརྩམས་ཆོས་སུ་ཡོད་ཁར། བཙན་བྱོལ་གྱི་ཤེས་ཡོན་གྱི་བསྟི་གནས་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་ཤེས་ཡོན་སློབ་གསོའི་སྲི་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
