ནང་ཆེན་རྒྱལ་རབས་༢༩པ་རྗེས་དྲན།
ཟླ་འདིིའི་ཚེས་༦ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ས་སྐྱའི་དགོན་པ་རྩེ་ཆེན་ཆོས་འཁོར་གླིང་གི་ཚོགས་ཁང་དུ་བོད་མདོ་ཁམས་ནང་ཆེན་རྒྱལ་རབས་༢༩ པ་ནང་ཆེན་རྒྱལ་པོ་བཀྲིས་ཚེ་དབང་སྟོབས་རྒྱལ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༡༠༦ འཁོར་བའི་རྗེས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།
འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། སྦེལ་ཀོབ་ས་གནས་སུ་ཡོད་པའི་ནང་ཆེན་ཉེར་ལྔའི་ཁོངས་གཏོག་སེར་སྐྱ་མི་མང་༣༠ ཙམ་ཞིག་འཛོམས་ནས་ནང་ཆེན་རྒྱལ་རབས་༢༩ པ་རྒྱལ་པོ་དང་བཙུན་མོ་གཉིས་ཀྱི་སྐུ་པར་མདུན་རྟེན་འབྲེལ་གྱི་མཇལ་དར་ཕུལ་བ་དང་། སྦེལ་ཀོབ་ནང་ཆེན་སྐྱིད་སྡུག་གི་རྒྱུན་ལས་ཟུར་མང་བོན་པོ་ཚང་ཨ་མདོས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཁོང་གིིས་ནང་ཆེན་རྒྱལ་རབས་མདོར་བསྡུས་ངོ་སྤྲོད་གནང་བ་དང་ཆབས་ཅིག་ནང་ཆེན་རྒྱལ་རབས་དེ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་ཅིང་མི་རབས་བརྗེ་འགྲོ་བའི་སྐབས་གཞིས་བྱས་གཉིས་ཀྱི་གཞོན་སྐྱེས་མི་རབས་རྗེས་མ་ཚོས་ནང་ཆེན་རྒྱལ་རབས་དེ་ཤེས་རྟོགས་དགོས་པ་གལ་ཆེན་པོ་ཡིན་པ་སོགས་གསུངས་སོང་།
ཕྱོགས་མཚུངས་ཚོགས་གཙོ་སྒ་གུ་ཚང་ཨ་འཁྲུངས་ཚང་ཐོས་པ་ནས་ཁམས་ནང་ཆེན་ཞེས་པའི་མིང་གི་འབྱུང་བ་དང་དེ་འབྲེལ་ལོ་རྒྱུས་དང་འབྲེལ་བའི་གནད་དོོན་ཁག་ཅིག་ངོ་སྤྲོད་གནང་།
ཁམས་ནང་ཆེན་གྱི་རྒྱལ་རབས་འགོ་ཚུགས་ས་ནི་བོད་ཀྱི་རྒྱལ་པོ་གླང་དར་མ་བཀྲོངས་ཏེ་བཙན་པོའི་རྒྱལ་སྲིད་འཐོར་ཞིག་ཏུ་གྱུར་རྗེས་ཡིན་པ་དང་། རྒྱ་གཞུང་གིས་བོད་ཡོངས་དབང་བསྒྱུར་བྱས་རྗེས་དེང་སྐབས་་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་བཅུག་ཡོད་པ་རེད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།