ནང་པའི་འགོ་ཁྲིད་གཅིག་གི་སྐད་ཆ་ལ་བརྟེན་ནས་ཁ་ཆེ་མི་མང་རྣམས་ཞེད་སྣང་ལང་བཞིན་འདུག
ཤྲི་ལང་ཀ་རྒྱལ་ཁབ་ནང་དུ་མི་མང་བརྒྱ་ཆ་༧༠ ལྷག་ནང་པ་ཡིན་པ་དང་། ཉེ་བའི་ཆར་ནང་པའི་འགོ་ཁྲིད་གཅིག་གིས་ཁ་ཆེའི་སྨན་པ་ཚོས་ནང་པའི་བུད་མེད་༤༠༠༠ ལ་ཕྲུ་གུ་ཆགས་རྒྱུ་མེད་པ་བཟོས་པའི་ཉེས་འཛུགས་བྱས་ཏེ། ཁ་ཆེའི་ཟ་ཁང་སོགས་ལ་འགྲོ་མི་རུང་བ་དང་། ཁ་ཆེའི་སྨན་པ་རྣམས་ལ་རྡོ་གཞུས་ནས་གསོད་དགོས་པ་ཆགས་ཀྱི་ཡོད་ཚུལ་བརྗོད་འདུག་པས། རྒྱལ་ཁབ་དེའི་ཁ་ཆེའི་མི་མང་རྣམས་ཞེད་སྣང་འོག་འཚོ་བ་སྐྱེལ་བཞིན་ཡོད་འདུག
ཟླ་༦ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇི་ཛེ་རའི་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཤྲི་ལང་ཀའི་ནང་པའི་ཆོས་བརྒྱུད་གསུམ་ལས་ཆོས་བརྒྱུད་གཅིག་གི་དགོན་པ་ཆེ་ཤོས་གྲས་ཀྱི་འགོ་ཁྲིད་ (Warakagoda Sri Gnanarathana Thero) ཡིས་ནང་ཆོས་རྗེས་འབྲང་བ་རྣམས་ལ་གཏམ་བཤད་གཅིག་སྤེལ་ཡོད་འདུག་པ་དང་། གཏམ་བཤད་དེ་རྒྱལ་ནང་གི་བརྙན་འཕྲིན་ཁག་ཏུ་རྒྱང་སྲིང་བྱས་ཡོད་འདུག གཏམ་བཤད་དེའི་ནང་ཁོང་གིས་ཁ་ཆེའི་སྨན་པ་ཚོས་ནང་པའི་བུད་མེད་༤༠༠༠ ལ་ཕྲུ་གུ་ཆགས་རྒྱུ་མེད་པའི་སྨན་བཅོས་བྱས་ཡོད་པ་དང་། བུད་མེད་མང་པོ་ཞིག་གིས་སྨན་པ་དེ་ཚོ་རྡོ་གཞུས་ནས་གསོད་དགོས་ཚུལ་བརྗོད་བཞིན་ཡོད་པས། སྤྱིར་བཏང་ཁོང་གིས་དེ་ལྟར་བྱེད་དགོས་པ་བརྗོད་མྱོང་མེད་ཀྱང་། དེ་ལྟར་བྱེད་དགོས་པ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་ཁ་ཆེའི་ཟ་ཁང་ཁག་ཏུ་ཁ་ལག་ནང་ཕྲུ་གུ་མི་ཆགས་པའི་སྨན་བླུགས་ནས་ནང་པའི་བུད་མེད་རྣམས་ལ་སྤྲོད་བཞིན་ཡོད་པས། ཁ་ཆེའི་ཟ་ཁང་དུ་འགྲོ་རྒྱུ་མེད་སྐོར་སོགས་བརྗོད་ནས། ཁ་ཆེ་དང་ནང་པའི་བར་འཁྲུག་འཛིངས་སློང་བའི་སྐད་ཆ་བཤད་ཡོད་འདུག
ཉེ་བའི་ཆར་ཤྲི་ལང་ཀ་ནང་དུ་ཨེ་སི་སི་ཁ་ཆེའི་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་མི་ཁག་ཅིག་གིས། ཡེ་ཤུའི་ལྷ་ཁང་དང་མགྲོན་ཁང་ཁག་ཅིག་ཏུ་དྲག་རྒོལ་ཤུགས་ཆེན་བྱས་ཏེ་ཉུང་མཐར་མི་མང་༢༧༥ བསད་པའི་གནས་ཚུལ་ལྷགས་རྗེས། རྒྱལ་ཁབ་དེའི་ནང་ཆོས་ལུགས་མི་འདྲ་བའི་བར་ལ་དོགས་གཟོན་དང་འཁོན་འཛིན་ཆེ་རུ་སོང་ཡོད་པ་དང་། ཟླ་༥ པའི་ཚེས་༡༢ དང་༡༣ ཉིན་ནང་པའི་མི་རིགས་རིང་ལུགས་མཁྲེགས་འཛིན་པའི་རུ་ཁག་གཅིག་གིས། གྲོང་སྡེ་༢༤ ལྷག་ཏུ་ཁ་ཆེའི་མི་མང་ལ་རྡུང་རྡེག་དང་འཕྲོག་བཅོམ། ཁང་པ་དང་ཚོང་ཁང་མེར་སྲེག་བཏང་བ་སོགས་བྱས་ཡོད་འདུག་པས། ཁ་ཆེའི་མི་མང་རྣམས་ཉེ་ཆར་གྱི་དྲག་རྒོལ་དེའི་ཞེད་སྣང་འོག་འཚོ་བ་སྐྱེལ་བཞིན་པའི་སྐབས་སུ། ནང་པའི་འགོ་ཁྲིད་ཤུགས་རྐྱེན་ལྡན་པ་ཞིག་གིས། ཁ་ཆེའི་མི་མང་ལ་དྲག་རྒོལ་སློང་བའི་སྐད་ཆ་བཤད་སྐབས། ཁོ་ཚོ་དྲག་རྒོལ་གསར་པ་བྱེད་སྲིད་པའི་ཞེད་སྣང་ཆེན་པོའི་འོག་འཚོ་བ་སྐྱེལ་དགོས་པ་ཆགས་ཡོད་འདུག ཟླ་༦ པའི་ཚེས་༢༢ ཉིན་ནང་པའི་འགོ་ཁྲིད་དེས་ཁོང་གིས་གཏམ་བཤད་བྱས་པའི་སྐད་ཆ་རྣམས་སྲུང་སྐྱོབ་བྱས་ཏེ། ངས་བཤད་པའི་སྐད་ཆ་རྣམས་མི་མང་ཕལ་ཆེ་བའི་བསམ་བློ་དང་མཐུན་གྱི་ཡོད་ཅེས་བརྗོད་འདུག
ཤྲི་ལང་ཀའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བ་ཁ་ཆེ་ཞིག་གིས། གོ་གནས་དང་ཤུགས་རྐྱེན་ཆེན་པོ་ཡོད་མཁན་ནང་པའི་འགོ་ཁྲིད་གཅིག་གིས། ཁུངས་མེད་ཀྱི་ཉེས་འཛུགས་ལྡན་པའི་གཏམ་བཤད་སྤེལ་བ་དེ་ནི་ཛ་དྲག་ཆེན་པོ་ཡིན་པ་དང་། ནང་པའི་མི་རབས་གཞོན་པ་རྣམས་ཀྱིས་ཁོང་གི་སྐད་ཆ་བདེན་པར་འཛིན་རྒྱུ་ཡིན་པས། ཁོང་གིས་འཁྲུག་འཛིངས་སློང་གི་ཡོད་སྐོར་བརྗོད་འདུག ལས་འགུལ་བ་རྣམས་ཀྱིས་རྒྱལ་ཁབ་དེའི་སྲིད་འཛིན་གྱིས་ནང་པའི་འགོ་ཁྲིད་དེར་དགག་བྱ་བྱས་ནས་སྒྲིག་ཁྲིམས་ལག་བསྟར་བྱེད་དགོས་སྐོར་བརྗོད་འདུག
ཁ་ཆེའི་ཚོང་པ་ཞིག་གིས་ཁ་ཆེ་རྣམས་ཉིན་ལྟར་ལས་ཀར་འགྲོ་དུས། ཁོ་ཚོར་གནས་ཚུལ་སྡུག་པ་ཞིག་འབྱུང་སྲིད་པའི་དོགས་གཟོན་བྱེད་དགོས་ཀྱི་ཡོད་པ་དང་། འདས་པའི་ལོ་ཤས་རིང་ནང་པའི་དགེ་འདུན་པ་ཤུགས་རྐྱེན་དང་གོ་གནས་ཆེན་པོ་མེད་མཁན་ཁག་ཅིག་གིས་འགོ་ཁྲིད་ནས། ཁ་ཆེ་མི་མང་ལ་དྲག་རྒོལ་སྤེལ་ཡོད་པ་དང་། ཉེ་ཆར་ཤུགས་རྐྱེན་ཆེན་པོ་ལྡན་པའི་ནང་པའི་འགོ་ཁྲིད་གཅིག་གིས་དྲག་རྒོལ་སློང་བའི་གཏམ་བཤད་སྤེལ་དུས། ཁ་ཆེའི་མི་མང་ལ་དྲག་རྒོལ་འབྱུང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་སྐོར་བརྗོད་འདུག
རྒྱལ་ཁབ་དེའི་ཁ་ཆེའི་ཤེས་ཡོན་པ་དང་ལས་འགུལ་བ་སོགས་ཀྱིས། སྲིད་གཞུང་གིས་ནང་པའི་འགོ་ཁྲིད་དེར་ཁ་གཏད་ཀྱིས་ཁྲིམས་ལ་སྦྱར་བའམ་འཛིན་བཟུང་སོགས་གང་ཡང་མ་བྱས་པ་དེས། རྒྱལ་ཁབ་དེ་ནང་པའི་དབང་བསྒྱུར་འོག་ལ་ཡོད་པ་གསལ་པོ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།