ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཆགས་ཡོད་པས་ཕྱིན་ཆད་དེ་འདྲ་མི་ཡོང་བ་གནང་རོགས་གསུངས་སོང་།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་དོན་མཇུག་སྐྱོང་ཚོགས་འདུ་དེ་ཕྱི་ཟླ་༣ ཚེས་༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ ་ཐོག་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་འགོ་འཛུགས་གནང་སོང་།

ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོས་གསུང་བཤད་གནང་སྐབས། དེ་སྔོན་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་འགྲོ་བཞིན་པའི་སྐབས་སྤྱི་འཐུས་ཤིག་གི་ལས་རིམ་རྣམ་གཞག་གཅིག་ལ་བརྟེན་ནས་ཕན་ཚུན་རྙོག་གླེང་བྱུང་བའི་བརྒྱུད་རིམ་དང་། དེ་འབྲེལ་གྱི་གནས་ཚུལ་བདེ་སྲུང་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོའི་སྐོར། དེ་བཞིན་ལས་རིམ་གང་ཞིག་ཕེབས་འཆར་ཡོད་པ་བཅས་དོན་ཚན་གསུམ་གྱི་ཐོག་ལ་གསུང་བཤད་གནང་སོང་།
བདེ་སྲུང་ལས་ཁུངས་ཀྱི་ཞིབ་འཇུག་སྙན་ཐོ་དང་འབྲེལ་ཚོགས་གཙོས་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཁྲེན་ཧྲུའུ་མི་ཕྱི་ལོ་༢༠༢༣ ཟླ་༧ ་ཚེས་༦ ་ཉིན་གྱི་ཉིན་གུང་(Siliguri. Mayfair Tea Resort) ་ཞེས་པའི་མགྲོན་ཁང་དེར་འབྱོར་ནས་ཞག་སྡོད་བྱས་ཡོད་པ་དང་། ཉིན་དེར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་རོགས་པ་ཞིག་ཀྱང་མགྲོན་ཁང་དེ་ལ་ཕེབས་ཡོད་ཀྱང་། མགྲོན་ཁང་དེར་དོ་བདག་གཉིས་ཐུག་འཕྲད་བྱས་ཡོད་པའི་དངོས་དཔང་ར་འཕྲོད་ཐུབ་པ་མི་འདུག་པ་བཅས་བདེ་སྲུང་ལས་ཁུངས་ཀྱིས་ཕྱི་ལོ་༢༠༢༣ ་ཟླ་༡༡ ་ཚེས ༦ ་ཉིན་ཕུལ་བའི་ཞིབ་འཇུག་སྙན་ཐོའི་ནང་གསལ་ཡོད་པར་བརྟེན། ཕྱི་ཟླ་༩ ཚེས་༡༩ དང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་དྲུག་པའི་ལས་ཉིན་༡ ་པོའི་ནང་། བཀུར་འོས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་དང་བཀུར་འོས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གཉིས་ཀྱི་བར་ལས་རིམ་རྣམ་གཞག་དང་འབྲེལ་ཚིག་རྩུབ་དང་ཟུར་ཟ། དམའ་འབེབས་བྱས་པ་ཆ་ཚང་གྲོས་ཚོགས་ཀྱི་དེབ་ཐེར་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་ཞུ་རྒྱུ་ཡིན་ཞེས་དང་། ད་ནས་བཟུང་སྟེ་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཆགས་ཡོད་པ་དང་། འཛིན་སྐྱོང་བཀའ་ཤག་བརྒྱུད་བདེ་སྲུང་ལས་ཁུངས་ཀྱིས་གཙང་མ་བཟོ་ཐུབ་པ་དེས་བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཚོགས། སྤྱི་འཐུས་སྒེར་དང་རྩ་དོན་འཐབ་རྩོད་བཅས་པར་ཕན་ཐོགས་ཆེན་པོ་བྱུང་བར་བསྔགས་བརྗོད་གནང་བ་མ་ཟད། རང་སར་མི་དང་མི་སར་རང་བཞག་ནས་བསམ་བློ་གཏོང་ཐུབ་དགོས་པ་དང་། རང་གཞན་རོགས་གསུམ་སུ་ཡིན་ན་ཡང་། བདེན་པ་མེད་པའི་སྐྱོན་བརྗོད་དང་སྙོན་འཛུགས་བྱས་ན་འཇིག་རྟེན་མི་ཆོས་དང་ལས་རྒྱུ་འབྲས། དངོས་ཡོད་གནས་ཚུལ་ལ་ཡང་རུང་གི་མེད་པས། མ་འོངས་པ་ཚང་མས་དེ་འདྲ་མི་ཡོང་བའི་དགོངས་པ་བཞེས་དགོས་པའི་ལམ་སྟོན་ཡང་གནང་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།
