ནིའུ་ཛི་ལན་ཌ་ཡིས་ཧོང་ཀོང་དང་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཕྱིར་འཐེན་བྱས་འདུག
ནིའུ་ཛི་ལན་ཌ་ཡིས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་པར་བརྟེན། ཧོང་ཀོང་ནང་གི་ཁྲིམས་ཞིབ་སྒྲིག་འཛུགས་དེར་རང་དབང་གི་དབང་ཚད་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད་སྐོར་བརྗོད་ནས། ནིའུ་ཛི་ལན་ཌ་ཡིས་ཧོང་ཀོང་དང་ཉེས་ཅན་ནམ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཕྱིར་འཐེན་བྱས་འདུག
ཟླ་༧ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་བ་འདིའི་མགོ་སྟོད་དུ་ཨོ་སི་ཀྲོ་ལི་ཡ་དང་། ཁེ་ན་ཌ། དབྱིན་ཡུལ་བཅས་ཀྱིས་ཧོང་ཀོང་དང་ཉེས་ཅན་ནམ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཕྱིར་འཐེན་བྱས་ཡོད་པ་ལྟར། ཚེས་༢༧ ཉིན་ནིའུ་ཛི་ལན་ཌ་ཡི་ཕྱི་སྲིད་བློན་ཆེན་ཝིན་སེ་ཀྲོན་པཱི་ཀྲེར་ཡིས། རྒྱལ་ཁབ་དེས་ཧོང་ཀོང་གི་ཁྲིམས་ཞིབ་སྒྲིག་འཛུགས་དེ་རྒྱ་ནག་གཞུང་འོག་རང་དབང་ཅན་གྱི་དབང་ཚད་འགྲིག་ངེས་ཤིག་ཡོད་པར་ཡིད་ཆེས་བྱེད་ཐབས་བྲལ་བ་ཆགས་ཡོད་པས། ཕྱོགས་གཉིས་བར་གྱི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་དེ་ཕྱིར་འཐེན་བྱས་ཡོད་སྐོར་དང་། གལ་ཏེ་མ་འོངས་པར་རྒྱ་ནག་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞི་དེར་རྒྱབ་སྐྱོར་བྱེད་པའི་རྣམ་པ་བསྟན་ཚེ། ཐེངས་འདིའི་ཐག་གཅོད་དེར་བསྐྱར་དུ་བསམ་ཞིབ་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག
ནིའུ་ཛི་ལན་ཌར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ཐག་གཅོད་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་རྩིས་མེད་བཏང་བ་དང་། རྒྱ་ནག་གི་རྒྱལ་ནང་གནད་དོན་ལ་ཐེ་ཇུས་བྱས་པ་ཡིན་པས། ཐག་གཅོད་དེར་ངོ་རྒོལ་དང་སེམས་འཚབ་ཆེན་པོ་ཡོད་པའི་བརྡ་ལན་སྤྲད་ཡོད་སྐོར་བརྗོད་འདུག
ནིའུ་ཛི་ལན་ཌ་གཞུང་གིས་མི་སེར་རྣམས་ཧོང་ཀོང་དུ་བསྐྱོད་ཚེ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གསར་དེ་ལ་བརྟེན་ནས་ཉེན་ཁ་གང་ཡོད་མེད་ཀྱི་གནས་ཚུལ་དང་ལམ་སྟོན་ཡང་བྱས་ཡོད་འདུག
རྒྱ་ནག་དེ་ནིའུ་ཛི་ལན་ཌ་ཡི་ཚོང་རོགས་ཆེ་ཤོས་དེ་ཡིན་འདུག་པ་དང་། ཉེ་ཆར་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་དེ་ཨ་སྒོར་ཐེར་འབུམ་༢༡ བརྒལ་ཡོད་འདུག འོན་ཀྱང་ཉེ་ཆར་ནིའུ་ཛི་ལན་ཌ་ཡིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནང་ཐའེ་ཝན་མཉམ་ཞུགས་བྱེད་རྒྱུར་རྒྱབ་སྐྱོར་བྱས་རྐྱེན། ཕྱོགས་གཉིས་བར་འགལ་ཟླ་བྱུང་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
