ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུས་རྒྱ་གཞུང་གིས་གླུ་པ་ཨ་སངས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཨ་རི་དང་ཁེ་ན་ཌ་ལ་ཡོད་པའི་བོད་མི་ཁག་ཅིག་གིས་བོད་ཀྱི་ན་གཞོན་གླུ་པ་ཨ་སངས་རྒྱ་ནག་གཞུང་གིས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

པར། ནིའུ་ཡོག་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས།

ཟླ་འདིའི་ཚེས་༢༧ ཉིན། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ས་གནས་ཀྱི་རེས་གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད་༡༡།༠༠ ནས་༡༢།༠༠ བར། ནིའུ་ཡོག་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ། ༧གོང་ས་མཆོག་ལ་བསྟོད་གླུ་ཕུལ་པ་ནི་ཁྲིམས་འགལ་ཞིག་མ་རེད། གཞས་པ་ཨ་སངས་འཕྲལ་དུ་གློད་བཀྲོལ་གཏོང་དགོས། ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས། བོད་ནང་མི་གསོད་མཚམས་འཇོག་དགོས། བོད་ནང་མནར་གཅོད་མཚམས་འཇོག་དགོས། རྒྱ་ནག་ནི་མི་གསོད་ལག་དམར་བ་རེད། རྒྱ་ནག་ནི་རྫུན་རྒན་རེད། འཛམ་གླིང་ལ་སྐྱག་རྫུན་བཤད་རྒྱུ་མཚམས་འཇོག་བྱོས། བོད་ལ་རང་དབང་དགོས། རྒྱ་ནག་བོད་ནས་ཕྱིར་སོང་ཞིག་སོགས་ཀྱི་འབོད་ཚིག་བསྒྲགས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག ཐེངས་འདིའི་ལས་འགུལ་ནང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི་སོགས་མི་གྲངས་ཉི་ཤུ་ཙམ་མཉམ་ཞུགས་གནང་ཡོད་འདུག

གཞན་ཡང་། ཟླ་འདིའི་ཚེས་༢༥ ཉིན་གྱི་ཕྱི་དྲོ། ཁེ་ན་ཌ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གངས་ལྗོངས་ཆོས་ལྡན་གླིང་གི་གོ་སྒྲིག་འོག ས་གནས་མི་མང་༢༦ ཙམ་མཉམ་ཞུགས་བྱས་ནས་ཊོ་རོན་ཊོ་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག

པར། ཊོ་རོན་ཊོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས།

སྐབས་དེར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་དཔའ་བོས། བོད་ཀྱི་གཞས་པ་ཨ་སངས་ནི་ལོ་ཆུང་ཡང་གླུ་བ་ཚད་ལྡན་ཞིག་ཡིན་པ་དང་། ཁོང་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ཚེ་སྲོག་གི་ཉེན་ཁ་ལ་མ་འཛེམས་པར་བློས་བཏང་བྱས་ཡོད་པས། ས་གནས་གང་སར་ཡོད་པའི་བཙན་བྱོལ་བོད་མི་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་གྲོས་ཚོགས་སོགས་སུ་ཞུ་གཏུག་གིས་ཁོང་ཉིད་གློད་བཀྲོལ་གཏོང་ཐབས་བྱེད་དགོས་པ་དང་། ཐེངས་འདིའི་ལས་འགུལ་ནང་མི་མང་མཉམ་ཞུགས་བྱེད་མཁན་ཉུང་བར་བློ་ཕམ་དང་། མ་འོངས་པར་ལས་འགུལ་གང་སྤེལ་ཡང་དེའི་ནང་ས་གནས་མི་མང་གང་མང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས་སོང་།

ཉེ་ཆར་༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་སྐབས་སུ། གཞས་པ་ཨ་སངས་དང་ཁོང་གི་གྲོགས་པོ་དཔལ་སྐྱོང་གཉིས་ཀྱིས་ཕྱི་ལོ་༢༠༠༦ ལོར། ཨ་རིག་མཆོད་རྟེན་ཐར་གྱིས་ཚིག་བརྩམས་པ་དང་། གླུ་པ་ཤེར་བསྟན་གྱིས་བླངས་པའི་གླུ་གཞས་ཞི་བདེའི་རྒྱལ་སྲས་ཞེས་པ་ཐད་གཏོང་གི་ལམ་ནས་བསྐྱར་དུ་བླངས་པའི་རྐྱེན་གྱིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག གཞས་པ་ཨ་སངས་ནི་རྔ་བ་རྫོང་བར་མ་ཡུལ་ཚོའི་ཀ་ཤུལ་རུ་ཁག་བཞི་པའི་ནག་ཚང་ཟེར་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཁོང་ལ་རང་ལོ་གཅིག་ལྷག་ཟིན་པའི་བུ་གཅིག་ཡོད་པ་མ་ཟད། བཟའ་ཟླ་ལྷ་མོའི་མངལ་དུ་ཡང་ཕྲུ་གུ་འཁོར་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།