ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པས་ས་གནས་བུད་མེད་རྒྱུན་གསར་མ་འདེམས་བར་ངོས་ལེན་བྱས་མེད་འདུག
བོད་ཀྱི་དབུས་བུད་མེད་ཚོགས་པས་༢༠༢༠ ཟླ་༨ ཚེས་ཚེས་༡༦ ནིའུ་ཡོག་དང་ནིའུ་ཇར་སིས་ས་གནས་བུད་མེད་ཚོགས་པའི་རྒྱུན་ལས་བར་གྱི་གླེང་རྙོག་མཐའ་མའི་ཐག་གཅོད་བྱུང་ཡོད་སྐོར་གྱི་དོན་ཚན་༧ ཅན་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་ནའང་། ཟླ་འདིའི་ཚེས་༡༨ ཉིན་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ་ཐོག་གསལ་བསྒྲགས་ཤིག་སྤེལ་ཏེ། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ནང་ཁུལ་ཞི་འགྲིག་ས་གནས་རྒྱུན་ལས་ཕྱོགས་གཉིས་ཀའི་འདོད་བློ་ཁེངས་པ་ཞིག་མ་བྱུང་བས། སྐབས་༡༧ པའི་ས་གནས་བུད་མེད་རྒྱུན་ལས་གསར་འདེམས་མ་བྱུང་བར་རྒྱུན་ལས་སྐབས་༡༥ དང་༡༦ པ་གཉིས་ཀ་ངོས་ལེན་མེད་སྐོར་བརྗོད་འདུག
དེ་ཡང་ནིའུ་ཡོག་དང་ནིའུ་འཇར་སིའི་སྐབས་བཅོ་ལྔ་དང་བཅུ་དྲུག་གི་ས་གནས་བུད་མེད་ལྷན་ཚོགས་བར་རྙོག་གྲ་བྱུང་སྟེ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འདུམ་སྒྲིག་ཡོང་ཐབས་བྱས་ཡོད་ནའང་། གྲུབ་འབྲས་མ་སོན་པར་བརྟེན། དྷ་ས་དབུས་ལས་ཁུངས་ནས་ཚོགས་གཙོ་དང་ཚོགས་གཞོན་བཅས་བསྡོམས་དབུས་རྒྱུན་བཞི་ནིའུ་ཡོག་ཏུ་ཆེད་བསྐྱོད་བྱས་ཡོད་པ་རེད། དབུས་རྒྱུན་རྣམས་ནིའུ་ཡོག་ཏུ་བསྐྱོད་ནས་ཟླ་དྲུག་ཟིན་གྱི་ཡོད་པ་དང་། ༢༠༢༠ ཟླ་༨ ཚེས་ཚེས་༡༦ ཉིན་མཐའ་མའི་ཐག་གཅོད་བྱུང་ཡོད་སྐོར་གྱི་དོན་ཚན་༧ ཅན་གྱི་གསལ་བསྒྲགས་ཤིག་སྤེལ་འདུག
༡༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་དེ་སྔ་སྐབས་བཅོ་ལྔ་པའི་རྒྱུན་ལས་རྩིས་མེད་ཡིན་པའི་ཐག་གཅོད་ཟིན་པ་ཕྱིར་འཐེན་གྱིས་སྐབས་བཅོ་ལྔ་པའི་ད་ཡོད་རྒྱུན་ལས་ངོས་ལེན་བྱེད་རྒྱུ།
༢༽ སྐབས་བཅོ་ལྔ་པའི་ས་གནས་རྒྱུན་ལས་ནས་ལས་ཡུན་མ་རྫོགས་བར་འགན་ཁུར་རྒྱུན་འཁྱོངས་གནང་རྒྱུ།
༣༽ སྐབས་བཅུ་དྲུག་གི་ས་གནས་རྒྱུན་ལས་ནས་སྐབས་བཅོ་ལྔ་པའི་ས་གནས་རྒྱུན་ལས་ཀྱི་ལས་ཡུན་མ་རྫོགས་བར་ས་གནས་བུད་མེད་ཀྱི་མིང་ཐོག་ནས་ལས་འགུལ་སོགས་གང་ཡང་མ་སྤེལ་བར་གནས་རྒྱུ།
༤༽ སྐབས་བཅོ་ལྔ་པའི་ས་གནས་རྒྱུན་ལས་ནས་སྤྱི་ལོ་༢༠༢༡ ཟླ་༣ ཚེས་༢༡ ཉིན་ས་གནས་ཀྱི་ཚོགས་པ་ཆེ་ཁག་ལྔ་ཡི་ཚོགས་གཙོ་དབུ་བཞུགས་ཐོག་སྐབས་བཅུ་དྲུག་པར་རྩིས་སྤྲོད་གནང་རྒྱུ།
༥༽ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྐབས་བཅོ་ལྔ་པའི་ད་ཡོད་ས་གནས་རྒྱུན་ལས་ཀྱིས་དུས་ཡུན་ལོ་ངོ་གཉིས་རིང་འགན་ཁུར་ཆེན་པོས་ཞབས་ཞུ་སྒྲུབ་པར་ལེགས་གསོལ་ཕྱག་འཁྱེར་འབུལ་རྒྱུ།
༦༽ ད་ལྟ་ལས་ཐོག་དང་མ་འོངས་ཡོང་རྒྱུའི་ས་གནས་བུད་མེད་ཀྱི་རྒྱུན་ལས་ཡོངས་ནས་སྔར་རྒྱུན་བཞིན་དབུས་བོད་མིའི་སྒྲིག་འཛུགས་ལ་དུས་རྟག་ཏུ་གུས་བརྩི་ཞུ་རྒྱུ།
༧ ༽ ད་ལྟ་དང་ཡོང་རྒྱུའི་ས་གནས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ནས་ས་གནས་ཀྱི་ཚོགས་པ་ཁག་དང་ལྷན་དུ་མཐུན་འབྲེལ་དམ་ཟབ་དགོས་རྒྱུ་བཅས།།
ཟླ་འདིའི་ཚེས་༡༨ ཉིན་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་ངོ་དེབ་ཐོག་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། “ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་སྐབས་ ༡༥ དང་༡༦ པའི་ནང་ཁུལ་དཀའ་རྙོག་སེལ་ཕྱིར། ཕྱི་ལོ་ ༢༠༢༠ ཟླ་བ ༠༨ ཚེས་ ༡༦ ཉིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ཚོགས་འདུར་བོད་ རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མགྲོན་འབོད་ཞུས་པ་ལྟར། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ཕྱག་ རོགས་སུ་དབྱིན་དྲུང་བཅར་འཐུས་ངོ་བཞེས་ཡོད་པའི་ཐོག་ནས་ཚོགས་གཙོ་དང་དབྱིན་དྲུང་གཉིས་ཀུན་སློང་གཙང་མའི་ནང་ཁུལ་དཀའ་རྙོག་སེལ་རྒྱུར་རེ་བ་ཆེར་བཅདས་ཀྱིས་ཚོགས་བཅར་ཞུས་ཤིང་ཚོགས་ཕེབས་པ་ཚང་མས་བཟང་ཕྱོགས་ཞི་འཇགས་ནང་འགྲིག་ཡོང་བའི་རེ་བ་ཆེ་པོ་བྱས་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཚོགས་འདུའི་རྒྱུན་རིམ་ནང་། སྐབས་ ༡༥ དང་ ༡༦ པའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ནང་ཁུལ་ཞི་འགྲིག་ཕྱོགས་གཉིས་ཀའི་འདོད་བློ་ཁེངས་པ་ཞིག་ མ་བྱུང་བས། ད་ཆ་སྐབས་ ༡༧ པའི་བོད་རིགས་སྤྱི་མཐུན་ཚོགས་པའི་གནས་བབ་ནི། སྐབས་ ༡༦ པའི་བོད་རིགས་སྤྱི་མཐུན་ ཚོགས་པ་དང་ས་གནས་ཚོགས་སྐྱིད་ཁག་གིས་མང་མོས་ཀྱི་ལམ་ནས་གཏན་འབེབས་གནང་བའི་ལངས་ཕྱོགས་སྔར་སོར། རྒྱུན་གནས་ཀྱིས་སྐབས་༡༥ དང་༡༦ པའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀ་ཕྱིར་བསྡུ་གནང་ནས་སྐབས་ ༡༧ པའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་གསར་འདེམས་མ་བྱུང་བར་སྤྱི་ཚོགས་ལྷིང་འཇགས་གཙོར་དམིགས་ཀྱིས་ཕྱོགས་གཉིས་ཀར་ངོས་ལེན་ཞུ་རྒྱུ་མིན་པའི་གསལ་བསྒྲགས་སུ་”ཞེས་འཁོད་འདུག
གསར་འགོད་པ་ཆོས་ཉིད་འོད་ཟེར།