ནུབ་ཕྱོགས་ཀྱི་རྒྱབ་སྐྱོར་ཡུག་རེན་ལ་དུས་ཐོག་མ་འབྱོར་བས་རྒྱ་ནག་ལ་ཨུ་ཡུའི་དམག་འཁྲུག་འདུམ་འགྲིག་གི་གོ་སྐབས་ཤིག་མཁོ་འདོན་བྱས་པར་བརྗོད།
ཟླ་འདིའི་ཚེས་༢༨ ཉིན་(South China Morning Post) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་དེ་སྔོན་ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་མཚམས་འཇོག་ཡོང་བའི་འབད་བརྩོན་བྱས་ཀྱང་། ད་བར་འབྲས་བུ་གང་ཡང་ཐོབ་མེད་ན་ཡང་། ད་ལྟའི་ཆར་ཡུག་རེན་གྱི་གནས་སྟངས་སོགས་ལ་བརྟེན། རྒྱ་ནག་ལ་དམག་འཁྲུག་འདུམ་འགྲིག་བྱེད་པའི་གོ་སྐབས་ཤིག་མཁོ་འདོན་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག

ཉེ་ཆར་རྒྱ་ནག་གི་སྐུ་ཚབ་ཚོགས་པ་ཞིག་ར་ཤི་ཡ་དང་ཡུག་རེན། དེ་བཞིན་ཡུ་རོབ་མཉམ་འབྲེལ་གྱི་ལས་ཁུངས་སོགས་སུ་འགྲོ་རྒྱུའི་གནས་ཚུལ་ཡོད་པ་རེད། སྤྱིར་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་བརྒྱབས་ནས་ད་བར་ལོ་ངོ་གཉིས་ལྷག་ཕྱིན་ཟིན་པ་དང་། དུས་ཡུན་དེའི་རིང་རྒྱ་ནག་གིས་ཕྱོགས་གཉིས་བར་དམག་འཁྲུག་མཚམས་འཇོག་ཡོང་བའི་འབད་བརྩོན་བྱས་ཡོད་ཀྱང་ད་བར་གྲུབ་འབྲས་གང་ཡང་ཐོབ་མེད་པ་རེད་འདུག
ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་དུས། རྒྱ་གཞུང་གིས་རང་ཉིད་བར་གནས་རྒྱལ་ཁབ་གཅིག་ལ་བརྩིས་ནས་དམག་འཁྲུག་མཚམས་འཇོག་ཡོང་རྒྱུའི་ཐད་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་ཡོད་རབས་བརྗོད་ནས། ན་ནིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་དང་ཐེངས་གཉིས་ཐུག་འཕྲད་བྱས་པ་མ་ཟད། ལོ་དེའི་ཕྱི་ཟླ་༤ པའི་ནང་ཡུག་རེན་གྱི་སྲིད་འཛིན་ལ་ཡང་ཁ་པར་བཏང་ནས་སྐད་ཆ་བཤད་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱོགས་གཉིས་བར་དམག་འཁྲུག་མཚམས་འཇོག་ཆེད་ཞི་བའི་གྲོས་འགོ་བཏོན་ཞིང་། རྒྱལ་ཁབ་གཉིས་ལ་སྐུ་ཚབ་ཚོགས་པ་མངགས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་ཨུ་རུ་སུ་ལ་ཤུགས་རྐྱེན་ཐེབས་སུ་བཅུག་ནས་དམག་འཁྲུག་མཇུག་སྒྲིལ་རྒྱུའི་རེ་བ་བྱས་ཡོད་ཀྱང་། ད་བར་ནུས་པ་གང་ཡང་ཐོན་མེད་པ་རེད་འདུག གནས་ཚུལ་དབྱེ་ཞིབ་པ་ཚོས། ཉེ་ཆར་གཡུལ་སའི་ཁྲོད་ཡུག་རེན་ལ་ཕམ་ཉེས་བྱུང་བ་དང་ད་ལྟའི་ཆར་ནུབ་ཕྱོགས་ནས་མཚོན་ཆ་སོགས་ཀྱི་རོགས་སྐྱོར་དུས་ཐོག་མ་རག་པ་བཅས་ཀྱི་ཀྱོག་མཚམས་ཀྱི་དུས་ཤིག་ཡིན་པར་བརྟེན། རྒྱ་ནག་ལ་དམག་འཁྲུག་འདུམ་འགྲིག་བྱེད་རྒྱུའི་གོ་སྐབས་ཤིག་སླར་ཡང་མཁོ་འདོན་བྱས་ཡོད་ཅེས་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
