ནེ་ཧ་རུས་བོད་རྒྱའི་ཐོག་ཏུ་ཤོར་བའི་ནོར་འཁྲུལ་ཚབས་ཆེན།
རཱ་ཛ་རམ་(Rajaram NS)གྱིས་བརྩམས།
དཀོན་མཆོག་རབ་བརྟན་གྱིས་བསྒྱུར།
ཕྱི་ལོ་༡༩༥༠ ལོར་ཨེ་ཤི་ཡ་དང་འཛམ་གླིང་གཡོ་བའི་དོན་རྐྱེན་གལ་ཆེན་གཉིས་བྱུང་ཡོད་དེ། གཅིག་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེ་དང་། གཞན་དེ་རྒྱ་ནག་གིས་ཀོ་རི་ཡའི་དམག་འཁྲུག་ལ་ཐེ་བྱུས་བྱས་པ་དེ་རེད། དང་པོ་དེ་[རྒྱ་གར་གྱི་]ཉེ་འཁོར་ཏེ་རྒྱ་གར་གྱི་རྒྱལ་མཚམས་སུ་བྱུང་བ་དང་། གཞན་དེ་རྒྱ་གར་ལ་ཐོབ་ཤོར་དེ་ཙམ་མེད་པའི་ཐག་རིང་གི་ཀོ་རི་ཡའི་མཚོ་གླིང་དུ་བྱུང་བ་རེད། རྒྱུ་མཚན་དང་རིགས་པ་གང་ལ་བལྟས་ཀྱང་། རྒྱ་གར་གྱིས་དོ་སྣང་ཡོད་ཚད་ཉེ་འཁོར་གྱི་བོད་ཀྱི་གནས་སྟངས་ལ་སྤྲད་དེ། ཀོ་རི་ཡའི་དཀའ་རྙོག་དེ་རྒྱ་ནག་དང་ཨ་རི་ལྟ་བུའི་འབྲེལ་ཡོད་རྣམས་ལ་སེལ་དུ་འཇུག་དགོས་ཀྱི་ཡོད།
ཡིན་ན་ཡང་། རྒྱ་གར་གྱི་སྲིད་བློན་ནེ་ཧ་རུས་ཏག་ཏག་དེ་ལས་ལྡོག་ཕྱོགས་བགྱིས་ཡོད། ཁོས་ཀོ་རི་ཡའི་ནང་ཐེ་བྱུས་ཆེན་པོ་བྱས་ན་ཡང་། བོད་ཀྱི་དཀའ་ངལ་དེ་རྩ་འཛིན་གང་ཡང་མེད་པའི་ཐོག་ནས་སེལ་ཐབས་བྱས་ཡོད། ད་ལྟ་རྒྱ་གར་གྱིས་བླུན་རྟགས་དེའི་རིན་དོད་འཇལ་བཞིན་ཡོད་དེ། འཛམ་གླིང་ནང་རྒྱ་ནག་དང་གཞུང་འབྲེལ་གྱི་རྒྱལ་མཚམས་མེད་པའི་རྒྱལ་ཁབ་ཆེན་པོ་དེ་རྒྱ་གར་གཅིག་པུ་ཆགས་ཡོད། བོད་ཅང་མ་འགོར་བར་[ཆབ་སྲིད་ཀྱི་]ས་ཁྲ་ལས་ཡལ་བ་རེད་ལ། ཀཱ་ཤི་མིར་དུ་ཡང་ནེ་ཧ་རིས་རྒྱལ་སྤྱིའི་གཟི་བརྗིད་དང་ཆེ་མཐོང་ཆེད་དུ་ནང་ལོགས་ཀྱི་རྒྱལ་ཁབ་ཀྱི་ཁེ་ཕན་བློས་བཏང་བྱས་ཡོད།
སྐབས་དེ་དུས་རྒྱ་གར་གྱིས་ལྷ་ས་དང་རྒྱལ་རྩེ་རུ་སྐུ་ཚབ་དོན་གཅོད་གཉེར་ཡོད། ལོ་ངོ་བརྒྱ་ཕྲག་དུ་མའི་གོང་དུ་བྱུང་བའི་འཕགས་བོད་ཀྱི་འབྲེལ་བ་ཟབ་མོ་དང་། ལྷིང་འཇགས་མེད་པའི་རྒྱ་ནག་གི་གནས་སྟངས་ལ་བརྟེན་ནས་བོད་ཀྱིས་ཕྱིའི་འཛམ་གླིང་ལ་འབྲེལ་བ་བྱེད་སའི་བརྒྱུད་ལམ་གཙོ་བོ་དེ་རྒྱ་གར་གྱུར་ཡོད། ཕྱི་ལོ་༡༩༥༠ ཡང་རྒྱ་གར་གཞུང་གིས་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་བརྩིས་ནས་ཡོད།
ཕྱི་ལོ་༡༩༥༠ ལོའི་ཟླ་༡༠ ཚེས་༢༥ ཉིན་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་ཁྱབ་བསྒྲགས་བྱས་པ་དང་། ཁོ་ཚོས་བཤད་པ་ལྟར་ན། “བོད་བཙན་རྒྱལ་རིང་ལུགས་ནས་བཅིངས་གྲོལ་གཏོང་”རྒྱུ་དང་། རྒྱ་གར་དང་རྒྱལ་མཚམས་གསལ་གཏན་བཟོ་རྒྱུ་དེ་ཡིན། སྐབས་དེར་ནེ་ཧ་རིས་ཁོ་དང་རྒྱ་གར་གཞུང་གཉིས་“རྒྱ་ནག་གཞུང་གི་བྱ་སྤྱོད་དེར་ཤིན་ཏུ་ཧ་ལས་ཤིང་བློ་ཕམ་”བྱུང་སྐོར་བསྒྲགས་པ་མ་ཟད། ཁོ་ལ་“རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་འབྱུང་འགྱུར་དེ་བོད་ཀྱི་སྐུ་ཚབ་དང་ཐད་ཀར་འབྲེལ་བ་བྱས་ཏེ་ཞི་བའི་ལམ་ནས་སེལ་རྒྱུ་ཡིན་པར་”ཡིད་ཆེས་སུ་བཅུག་བྱུང་ཞེས་རྒྱ་ནག་གི་བྱ་སྤྱོད་ལ་འཁང་ར་སྐྱོན་བརྗོད་ཀྱང་བྱས་ཡོད།
འདི་བདེན་པ་མ་རེད། རྒྱུ་མཚན་ནི་རྒྱ་ནག་གི་བཙན་འཛུལ་མ་བྱུང་བའི་ལོ་གཅིག་ལྷག་གི་སྔོན་ཏེ། ཕྱི་ལོ་ ༡༩༤༩ ལོའི་ཕྱི་ཟླ་དགུ་པའི་ནང་ནེ་ཧ་རུ་རང་གིས་“རྒྱ་ནག་དམག་ཤོག་གིས་བོད་ལ་བཙན་འཛུལ་བྱེད་ངེས་རེད་”ཅེས་བྲིས་ཡོད། གསལ་པོར་ཤེས་དགོས་པ་ཞིག་ལ། ནེ་ཧ་རིས་བོད་ལས་ཀོ་རི་ཡར་དོ་ཁུར་མང་བ་སྤྲད་པ་དང་། བརྡ་ལན་འདྲེས་མ་ཞིག་སྟེར་བ་དེས་རྒྱ་ནག་ལ་བཙན་འཛུལ་བྱེད་པའི་སྐུལ་མ་བཏང་ཡོད་དེ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་པའི་མངོན་འདོད་དེ་སྦས་གསང་བྱས་མེད། འདི་ལྟར་ཡིན་རུང་། ནེ་ཧ་རིའི་དོ་ཁུར་གཙོ་བོ་དེ་རྒྱ་ནག་མཉམ་འབྲེལ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་ཚོགས་མིར་འཇུག་རྒྱུ་དེ་ཡིན་པ་ལས་བོད་ལ་ཡོད་པའི་རྒྱ་གར་གྱི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་དེ་མ་རེད།
རྒྱུ་མཚན་འདིར་བརྟེན། རྒྱ་ནག་གིས་བོད་དུ་དམག་དཔུང་འདྲེན་བཞིན་པའི་སྐབས། རྒྱ་གར་གྱི་འགོ་ཁྲིད་ཚོའི་ཁྲོད་དུ་སེམས་འཚབ་ཤིག་ཧ་ལམ་མེད། པེ་ཅིང་དུ་ཡོད་པའི་རྒྱ་གར་གྱི་སྐུ་ཚབ་ཕཱ་ནེ་ཁར་(Panikkar) གྱིས་ཐ་ན་བོད་དུ་རྒྱ་ནག་གི་དམག་དཔུང་བསླེབས་པ་དེར་བདེན་དཔང་མེད་མདོག་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་བཞིན་པར་ངོ་རྒོལ་བྱས་ན། “རྒྱ་གར་གྱིས་རྒྱ་ནག་མཉམ་འབྲེལ་རྒྱལ་ཁབ་ནང་དུ་འཇུག་ཐབས་བྱེད་ཀྱིན་པ་ལ་བར་ཆད་”བཟོ་སྲིད་མདོག་བསྟན་ཡོད། དེ་བས་ཕཱ་ནེ་ཁར་(Panikkar) གྱིས་བོད་ཀྱི་རྒྱལ་མཚམས་སུ་ཡོད་པའི་རྒྱ་གར་རང་ཉིད་ཀྱི་ཁེ་ཕན་ལས་མཉམ་འབྲེལ་རྒྱལ་ཁབ་ཏུ་ཡོད་པའི་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུར་དོ་ཁུར་ཆེ་བ་བྱས་ཡོད་ལ། ནེ་ཧ་རིས་ཀྱང་སྐུ་ཚབ་དེར་མོས་མཐུན་བྱས་ཡོད། ནེ་ཧ་རུས་“ང་ཚོའི་བསམ་བློ་གཙོ་བོ་དེ་འཛམ་གླིང་ཞི་བདེ་རྒྱུན་སྐྱོང་བྱེད་རྒྱུ་དེ་ཡིན། ཉེ་ཆར་ཀོ་རི་ཡའི་ནང་གི་བྱ་བའི་འཕེལ་ཕྱོགས་དེས་རྒྱ་ནག་གི་གནས་སྟངས་བཟང་དུ་བཏང་མེད་པ་དང་། རྒྱ་གར་གྱིས་བོད་དུ་དྲག་པོོའི་བྱ་སྤྱོད་སྤེལ་བ་ཡིན་ན། དེ་སྔར་བས་ཀྱང་སྡུག་ཏུ་འགྱུར་ངེས་རེད་”ཅེས་བྲིས་ཡོད། དེར་བརྟེན་མཉམ་འབྲེལ་རྒྱལ་ཁབ་ནང་རྒྱ་ནག་གི་རྩོད་གཞི་སྡུག་ཏུ་མི་གཏོང་བའི་ཆེད། ནེ་ཧ་རུས་བོད་དུ་ཡོད་པའི་རྒྱ་གར་རྒྱལ་ཁབ་ཀྱི་ཁེ་ཕན་བློས་གཏོང་བའི་གྲ་སྒྲིག་བྱས་ཡོད།
ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིན་ཏུ་གལ་གནད་ཅན་འདིའི་སྐབས་ནེ་ཧ་རུ་ལ་ཤུགས་རྐྱེན་ཆེ་ཤོས་ཐེབས་མཁན་གཉིས་ནི་ཁིར་ཤི་ན-མེ་ནོན་(Krishna Menon)དང་། ཕཱ་ནེ་ཁར་(K.M. Panikkar) གཉིས་ཆགས་པ་ནི་ཅི་འདྲའི་ཆག་སྒོ་ཆེན་པོ་ཞིག་རེད་ཨང་། ཁོ་གཉིས་ཀ་དམར་ཤོག་ཡིན། ཕཱ་ནེ་ཁར་(Panikkar) མིང་ཐོག་ནས་རྒྱ་ནག་ཏུ་རྒྱ་གར་གྱི་སྐུ་ཚབ་ཀྱི་ལས་དོན་སྒྲུབ་ཀྱིན་ཡོད་ཀྱང་། དོན་ཐོག་ནས་རྒྱ་ནག་གི་མགྲིན་ཚབ་པར་གྱུར་བ་རེད། སར་ཌར-ཕཱ་ཋེལ་(Sardar Patel) གྱིས་ཕཱ་ནེ་ཁར་གྱིས་དཀའ་ཚེགས་ཆེན་པོས་“རྒྱ་ནག་གི་བྱ་སྤྱོད་དང་སྲིད་བྱུས་ལ་གསལ་བཤད་དམ་དག་སྐྱེལ་བྱེད་པའི་འབད་བརྩོན་བྱས་ཡོད་”ཅེས་བཤད་ཡོད། མཇུག་མཐར་རྒྱ་གར་གྱིས་ལྷ་སར་ཕྱི་འབྲེལ་སྐུ་ཚབ་ཉར་བའི་ཐོབ་ཐང་དེ་བློས་བཏང་ཞིང་། དེའི་རྒྱུ་མཚན་ལ་དེ་ནི་བཙན་རྒྱལ་རིང་ལུགས་ཀྱི་ཤུལ་བཞག་ཅིག་ཡིན་ཚུལ་དྲངས་ཡོད། དེ་ལ་བརྟེན་ནས་ནེ་ཧ་རི་ཡི་ངན་གྲགས་ཆེ་བའི་འབོད་ཚིག་“རྒྱ་གར་དང་རྒྱ་ནག་སྤུན་ཟླ་”ཞེས་པ་དེ་བྱུང་ཡང་། མའོ་ཡིས་རྒྱ་གར་ལ་མཛའ་བརྩེའི་ཡ་ལན་སློག་མེད་ལ། “རྒྱ་གར་དང་རྒྱ་ནག་སྤུན་ཟླ་”ཡིན་པའི་སྐོར་ནམ་ཡང་གླེང་མྱོང་མེད་པ་མ་ཟད། དེ་ལས་ཡོངས་སུ་ལྡོག་སྟེ་ཁོས་རྒྱ་གར་དང་རྒྱ་གར་གྱི་འགོ་ཁྲིད་ཚོར་སྡང་སེམས་འབའ་ཞིག་བཅངས་ཡོད། མའོ་ཡིས་ཁོ་ལ་ཚུར་ཁ་གཏད་གཅོག་མཁན་སྟོབས་ཤུགས་ཅན་ཁོ་ནར་གུས་བཀུར་བྱེད་པ་ལས། ངོ་དགའ་སྦྲེལ་ལད་ཀྱིས་མགོ་བོ་སྒུར་མཁན་གྱི་ཉམ་ཆུང་རྣམས་ལ་དེ་ལྟར་མིན།
སར་ཌར-ཕཱ་ཋེལ་(Sardar Patel) གྱིས་ནེ་ཧ་རི་ལ་“ང་ཚོས་རང་ཉིད་རྒྱ་ནག་གི་གྲོགས་པོར་བརྩི་བཞིན་ཡོད་ཀྱང་། རྒྱ་ནག་གིས་ང་ཚོ་གྲོགས་པོར་བརྩི་ཡི་མེད་”ཅེས་ཉེན་བརྡ་བཏང་ཡོད་ལ། ཁོང་གིས་སྐད་གྲགས་ཆེ་བའི་ཡི་གེ་ཞིག་བྲིས་པ་དེའི་ནང་། ཁོང་གིས་གལ་ཆེའི་གནད་དོན་འགའ་ཤས་གླེངས་ནས་བོད་དུ་འབྱུང་བཞིན་པའི་གནས་ཚུལ་ཐོག་སེམས་འཚབ་ཆེན་པོ་བྱས་ཡོད་ལ། ལྷག་པར་དུ་རང་དབང་དང་མཛའ་བརྩེ་ལྡན་པའི་བོད་དེ་རྒྱ་གར་གྱི་བདེ་འཇགས་ལ་གལ་གནད་ཆགས་ཡོད་པ་དང་། དེ་ལྟར་ཡོང་བའི་ཆེད་དུ་དྲག་པོའི་དམག་འདུས་པའི་ཐབས་ལམ་ཐབས་ཅད་ལ་བསམ་བློ་གཏོང་དགོས་ཚུལ་གསུངས་ཡོད།
ནེ་ཧ་རུ་ལ་ཡི་གེ་དེ་བྲིས་ནས་ཉིན་གཉིས་ཕྱིན་པའི་རྗེས་ཏེ། ཕྱི་ལོ་༡༩༥༠ ཟླ་༡༡ ཚེས་༩ ཉིན་ཁོང་གིས་ལྡི་ལིར་“ཀཱ་ལི་ཡོ་གྷ་(Kali Yuga)ཡི་ནང་། ང་ཚོས་འཚེ་མེད་ཞི་བའི་ལན་དུ་འཚེ་མེད་ཞི་བས་འཇལ་གྱི་ཡོད། གལ་ཏེ་མི་ཞིག་གིས་ང་ཚོར་དྲག་པོ་བྱས་པ་ཡིན་ན། ང་ཚོས་ཀྱང་དྲག་པོ་བསྟེན་དགོས་”ཞེས་གསལ་བསྒྲགས་གནང་ཡོད། འོན་ཀྱང་། ནེ་ཧ་རིས་སར་ཌར-ཕཱ་ཋེལ་གྱི་ཡི་གེ་སྣང་མེད་བཏང་བ་རེད། དོན་དངོས་བཤད་ན། [སྐབས་དེ་དུས་]རྒྱ་གར་གྱིས་བོད་དུ་ཡོད་པའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་གནས་སྟངས་ཤུགས་ཆེན་པོ་ཡོད་ཀྱང་། རྒྱ་ནག་གི་ངོ་སོ་སྲུང་ཕྱིར་གོ་སྐབས་དེ་བློས་བཏང་བ་རེད། ཕྱི་ལོ་༡༩༥༩ ལོར་རྒྱ་ནག་ལ་བོད་ཟ་རུ་མ་བཅུག་པར་བཀག་འགོག་ཐུབ་ཀྱི་ཡོད་པའི་གནས་ཚུལ་དེ་[ད་ལྟ་]རྒྱ་གར་ནང་ཤེས་མཁན་མང་པོ་ཞིག་མེད།
ཕྱོགས་གཞན་ནས་སར་ཌར-ཕཱ་ཋེལ་གྱིས་༡༩༥༠ ལོར་རྒྱ་ནག་ཉམས་འཇིག་འགྲོ་སླ་བའི་གནས་སྟངས་ཤིག་གི་འོག་ཏུ་ཡོད་པ་རྟོགས་ཡོད་དེ། རྒྱ་ནག་གིས་ཀོ་རི་ཡའི་ནང་ནུས་ཤུགས་ཆ་ཚང་འདོན་བཞིན་ཡོད་པ་དང་། སོ་སོའི་སྐམ་ས་ཆེན་མོའི་ནང་དུ་རྐང་བརྟན་པོ་ཞིག་ཚུགས་ཐུབ་མེད་པའི་ཐོག ཨ་རིའི་དམག་དཔོན་མཱ་ཁི་ཨ་ཐར་(MacArthur) གྱིས་སྲིད་འཛིན་ཋོ་རུ་མན་(Truman) ལ་ཐའེ་ཝན་དུ་གབ་པའི་ཅང་ཅེ་ཧྲི་(Chiang Kai Shek) ལ་ཨ་རིའི་དམག་གི་རྒྱབ་སྐྱོར་ཆ་ཚང་བྱིན་ནས་གཏོང་དགོས་པའི་སྐུལ་མ་ཟླ་བ་དུ་མ་ལ་བྱས་ཡོད། དེ་བཞིན་སྐབས་དེ་དུས་རྒྱ་ནག་ལ་རྡུལ་ཕྲན་འབར་རྫས་ཐོབ་མེད་པ་དང་། དེ་འཐོབ་པར་ད་དུང་ཡང་ལོ་ངོ་བཅུ་ལྷག་འགོར་རྒྱུ་རེད། རྒྱ་ནག་རྐང་པ་བརྟན་པོ་ཞིག་ཚུགས་མི་ཐུབ་པའི་སྐབས་དེར་མཐའ་གཅིག་ཏུ་དྲག་པོའི་རྣམ་པ་བསྟན་པ་ཡིན་ན། རྒྱ་གར་ལ་ཡོད་ཚད་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་ལས་ཕམ་ཁ་ཞིག་གཏན་ནས་མེད།
དེ་ཡིས་མ་ཚད། རྒྱ་གར་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཡང་ཡོད་དེ། རྒྱ་ནག་བོད་ལ་ཧམ་འཛུལ་བྱེད་བཞིན་པ་དེར་འཛམ་གླིང་མི་མང་གིས་མི་དགའ་བའི་ལྟ་ཚུལ་ཤུགས་ཆེན་པོ་བཟུང་ཡོད། དོན་དངོས་ཐོག འཛམ་གླིང་གིས་རྒྱ་གར་གྱིས་སྣེ་འཁྲིད་རྒྱུར་བལྟས་ནས་བསྡད་ཡོད། ཤུགས་རྐྱེན་ཤིན་ཏུ་ཆེ་བའི་དབྱིན་ཇིའི་<<དཔལ་འབྱོར་དུས་དེབ>>(The Economist) ཀྱིས་“བོད་ནི་ཕྱི་ལོ་ ༡༩༡༢ ནས་བཟུང་རྒྱ་ནག་ལས་རང་བཙན་གཙང་མར་གནས་ཡོད་སྟབས། བོད་ལ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་བརྩི་དགོས་པའི་ཐོབ་ཐང་ཤུགས་ཆེན་པོ་ཡོད། འོན་ཀྱང་། གནད་དོན་འདིའི་ཐོག་ལ་རྒྱ་གར་གྱིས་སྣེ་འཁྲིད་དགོས། གལ་སྲིད་རྒྱ་གར་གྱིས་བོད་དེ་སོ་སོ་དང་རྒྱ་ནག་གཉིས་ཀྱི་བར་དུ་གནས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་རྒྱབ་སྐྱོར་བྱས་ན། དབྱིན་ཇི་དང་ཨ་རིས་ཀྱང་གཞུང་འབྲེལ་གྱིས་ངོས་འཛིན་བྱེད་ངེས་རེད་”ཅེས་བྲིས་པའི་ནང་། [སྐབས་དེའི་]ནུབ་ཕྱོགས་ཀྱི་ལྟ་ཚུལ་མཚོན་ཡོད།
དེ་བས་སྐབས་དེ་དུས་རྒྱ་ནག་བཀག་འགོག་ཐུབ་ཀྱི་ཡོད། ཡིན་ན་ཡང་། དེ་ལྟར་བྱུང་མེད། ནེ་ཧ་རིས་སར་ཌར-ཕཱ་ཋེལ་གྱི་ཡི་གེ་དང་དེ་བཞིན་རྒྱལ་སྤྱིའི་ལྟ་ཚུལ་སྣང་མེད་བཏང་སྟེ། བོད་མཛའ་བརྩེ་ལྡན་པའི་བར་གནས་རྒྱལ་ཁབ་ཅིག་ཏུ་བསྒྱུར་བའི་གོ་སྐབས་གསེར་འདྲ་བ་དེ་བློས་བཏང་བ་རེད། གལ་སྲིད་རྒྱ་གར་གྱིས་འདི་འདྲའི་རྩ་འཛིན་ལྡན་པའི་ལངས་ཕྱོགས་ཤིག་བཟུང་ཡོད་ན། རྒྱ་གར་ལ་སྟོབས་ཆེན་རྒྱལ་ཁབ་ཀྱི་གོ་གནས་ཀྱང་འཐོབ་པ་དང་། པ་ཀི་སི་ཐན་འཛམ་གླིང་གི་དོ་སྣང་གི་རྒྱ་ལས་ཡོངས་སུ་ཡལ་ཡོད་ངེས་རེད། ནེ་ཧ་རིས་ཀཱ་ཤི་མིར་(Kashmir) དུ་ནོར་འཁྲུལ་མང་པོ་ཤོར་ཡོད། འོན་ཀྱང་། ཁོས་བོད་དུ་བསྟན་པའི་བླུན་རྟགས་དང་བསྡུར་ན་དེ་དག་ཆུང་ཆུང་ཆགས་ཡོད། ཕུགས་བསམ་དང་སྙིང་སྟོབས་བྲལ་བའི་ལོ་རྒྱུས་རང་བཞིན་ཅན་གྱི་ནོར་འཁྲུལ་ཆེན་པོ་འདིའི་མཇུག་འབྲས་སུ། རྒྱ་གར་ཅང་མ་འགོར་བར་སྟོབས་འབྲེང་རྒྱལ་ཁབ་(Third rate power) ཏུ་བརྩི་སྲོལ་བྱུང་ནས་པ་ཀི་སི་ཐན་དང་འདྲ་མཚུངས་ཆགས་ཡོད། ཟླ་བ་གཉིས་ཀྱིས་རྗེས་སུ་སར་ཌར-ཕཱ་ཋེལ་ཡང་གྲོངས་པ་རེད།
བོད་ཤོར་བའི་རྗེས་སུ་ཡང་། ནེ་ཧ་རུས་རྒྱ་ནག་དང་ས་མཚམས་གཙང་ཐག་གཅོད་པའི་གོ་སྐབས་མང་པོ་ཞིག་བློས་བཏང་ཡོད། གནད་དོན་འདི་རྟོགས་པ་ལ། [སྐབས་དེ་དུས་]རྒྱ་ནག་གིས་རྒྱ་གར་དང་ས་མཚམས་སྲ་བརྟན་བཟོ་འདོད་ཆེན་པོ་ཡོད་པའི་གནས་ཚུལ་དེ་ཤེས་དགོས། འདི་སེམས་ལ་བཟུང་བའི་ཐོག་ནས་རྒྱ་ནག་གི་སྲིད་བློན་ཀྲོའུ་ཨེན་ལའེ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཀྱི་དཀའ་རྙོག་སེལ་ཆེད་རྒྱ་གར་དུ་ཐེངས་འགའ་ལ་ཡོང་ཡོད། མདོར་བསྡུས་ན། རྒྱ་ནག་གིས་བཏོན་པའི་གྲོས་འཆར་དེ་གཤམ་གསལ་ལྟར་ཡིན་ཏེ། ཁོ་ཚོས་མེག་མཱ་ཧོན་གྱི་ས་ཐིག་(McMahon Line) ཤར་ཕྱོགས་ཀྱི་ས་མཚམས་སུ་ངོས་ལེན་བྱེད་པའི་གྲ་སྒྲིག་ཡོད་ལ། (ཡར་སྣོན་མར་འཕྲི་ཕྲན་ཙམ་དང་མིང་གསར་པ་འདོགས་དགོས་སྲིད།) དེ་ནས་ནུབ་ཕྱོགས་སུ་བོད་དང་ལ་དྭགས་བར་གྱི་མཚམས་རྟགས་མེད་པའི་ས་ཁུལ་ཐོག་གྲོས་མོལ་བྱེད་འདོད་ཡོད། དོན་དངོས་ཐོག རྒྱ་ནག་གི་སྲིད་བློན་ཀྲོའུ་ཨེན་ལའེ་ཡིས་ཤར་ཕྱོགས་ཀྱི་ས་མཚམས་ནས་འགོ་བཙུགས་ཏེ་རིམ་གྱིས་ཐག་གཅོད་དགོས་པའི་གྲོས་འཆར་བཏོན་ཡོད་ཀྱང་། ནེ་ཧ་རིས་ཡོངས་རྫོགས་འཕྲལ་དུ་ཐག་གཅོད་འདོད་བྱས་ཡོད། དངོས་ཐོག་བདེན་འཚོལ་གྱི་བསམ་བློ་ལྡན་པའི་ཀྲོའུ་ཨེན་ལའེ་ཡིས་དེ་ནི་ཆབ་སྲིད་ཀྱི་ཐོག་ནས་ཡོངས་ཐབས་བྲལ་བ་ཞིག་ཏུ་མཐོང་བ་དང་། ཁོ་རྒྱ་གར་དུ་ས་མཚམས་ཀྱི་གནད་དོན་སེལ་བར་ཡོང་ཐེངས་རེ་ལ། རྒྱ་གར་གྱིས་ས་མཚམས་ལ་ལངས་ཕྱོགས་གང་ཞིག་འཛིན་གྱི་ཡོད་པའི་སྐོར་ལས་ཆིངས་ཡིག་དོན་ཚན་ལྔ་(Pancha Sheela) ཡི་སྐོར་མང་བ་ཐོས་པས། ཁོས་དེ་ནི་རྒྱ་གར་ངོས་ནས་ས་མཚམས་སྐོར་གླེང་སློང་བྱེད་འདོད་མེད་པར་ངོས་འཛིན་བྱས་ཡོད།
དེ་ནས་རྒྱ་ནག་གིས་རྩ་འཛིན་གཅིག་པ་བཟུང་སྟེ་གཙོ་བོ་མེག་མཱ་ཧོན་གྱི་ས་ཐིག་གཞི་རུ་བཞག་པའི་ཐོག་ནས་འབར་མ་དང་ས་མཚམས་གཙང་སེལ་བྱས་ཡོད། བོད་དང་ལ་དྭགས་(ཀཱ་ཤི་མིར་གྱི་རྒྱལ་ཁམས་ཀྱི་སྐབས།)ཀྱི་ས་མཚམས་དེ་[རྒྱ་གར་གཞུང་ནས་]རྒྱ་གར་མི་མང་ལ་གང་བཤད་པ་ལས་ལྡོག་སྟེ་ས་མཚམས་ཀྱི་དབྱེ་རྟགས་གསལ་པོ་ནམ་ཡང་འགོད་མྱོང་མེད། ཕྱི་ལོ་༡༩༦༠ ལོར་རྒྱ་གར་གཞུང་གིས་གཞི་ནས་ལ་དྭགས་ཕྱོགས་སུ་ས་མཚམས་རྟོག་ཞིབ་དང་ས་ཁྲ་བཟོ་མཁན་གྱི་རུ་ཁག་བཏང་ཡོད། འོན་ཀྱང་། གཞུང་གིས་མུ་མཐུད་མི་མང་ལ་ས་མཚམས་གསལ་པོ་ཡོད་པ་དང་། རྒྱ་ནག་གིས་དེ་ངོས་ལེན་བྱེད་ཀྱི་མེད་ཚུལ་ཞེ་གཅིག་བཤད་དེ་བསྡད་ཡོད།
[སྐབས་དེའི་]གནས་སྟངས་ལ་དགོས་པ་དེ་ནི་ཐབས་བྱུས་ལེགས་པོ་ཞིག་ཡིན་ཞིང་། ལྷག་པར་དུ་རྒྱ་གར་གྱི་ཕྱོགས་ནས་དེ་ལྟར་དགོས་ཀྱི་ཡོད། གྲོས་མོལ་བྱས་ནས་ཐག་གཅོད་ཐུབ་པའི་གནད་དོན་ཁ་ཚ་དགོས་གཏུག་འགའ་ཤས་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༡༩༥༠ གྲངས་ནང་རྒྱ་གར་ཕྱོགས་བཙན་ས་ན་ཡོད་དུས་དེ་ལྟར་བྱེད་དགོས་ཀྱི་ཡོད། རྒྱ་ནག་གིས་བོད་ནས་ཤིང་ཅང་དུ་གཞུང་ལམ་འཛུགས་སྐྲུན་བྱེད་པའི་འཆར་གཞི་འདིངས་བཞིན་ཡོད་སྟབས། རྒྱ་ནག་ལ་ཨ་ཁི་སཱ་ཆིན་(Aksai Chin)ད གོས་མཁོ་ཆེན་པོ་ཡོད་པ་དང་། ས་ཁུལ་དེ་རྒྱ་གར་ལས་རྒྱ་ནག་ལ་ལྡབ་ཀྱིས་གལ་འགངས་ཆེ་བ་ཆགས་ཡོད། (རྒྱ་གར་ལ་མཚོན་ན། ས་ཁུལ་དེ་ཕན་ལས་གནོད་ཆེ་བ་ཆགས་པའི་ཉེན་ཁ་ཡོད་དེ། ས་ཁུལ་དེ་ཉར་སྲུང་བྱེད་པར་འགྲོ་གྲོན་དང་དཀའ་ངལ་ཆེན་པོ་ཡོད་ཅིང་། ཐ་ན་ས་ཆེན་འཁྱགས་རུམ་(Siachen Glacier) ལས་ཀྱང་ཁག་པ་ཡོང་སྲིད།) གལ་སྲིད་ནེ་ཧ་རིས་གནད་དོན་འདི་རྟོགས་ཡོད་པ་ཡིན་ན། ཁོས་རྒྱ་ནག་ཨ་ཁི་སཱ་ཆིན་དུ་འགྲོ་རུ་བཅུག་པའི་ལན་དུ་རྒྱ་གར་གངས་རིན་པོ་དང་མཚོ་མ་ཕམ་ལ་འགྲོ་རུ་འཇུག་དགོས་ཞེས་པ་ལྟ་བུའི་གྲོས་འཆར་ལེགས་པོ་འགའ་བཏོན་ན་ཆོག་ཡོད། འདི་ལྟ་བུའི་གྲོས་མཐུན་ཞིག་ཡོང་སྲིད་མིན་དེ་གནད་དོན་གཙོ་བོ་མ་ཡིན་ཡང་། གྲོས་འཆར་གང་ནས་འདོན་མྱོང་མེད། འདི་དག་ཡོད་ཚད་ཀྱི་མཇུག་འབྲས་ལ། རྒྱ་ནག་གིས་རྒྱ་གར་སྣང་མེད་བཏང་(གྲོས་མཐུན་དོན་ཚན་ལྔའི་ཆིངས་ཡིག་ཀྱང་འདུས་ཡོད།)ནས་ཨ་ཁི་སཱ་ཆིན་དུ་གཞུང་ལམ་སྐྲུན་པའི་འཆར་གཞི་དེ་དངོས་སུ་ལག་བསྟར་བྱས་ཡོད།
འདི་ནས་གཏམ་རྒྱུད་འདིའི་མཇུག་ད་དུང་ཡང་རྫོགས་པ་མ་ཡིན་ཏེ། ནོར་འཁྲུལ་ཚབས་ཆེན་འདི་གཉིས་(བོད་དོར་བ་དང་། ཚུར་ལ་ཕན་ཐོགས་ཅི་ཡང་མེད་པར་རྒྱ་ནག་ལ་སྦྱིན་བདག་དོན་པ་གཉིས་རེད།)ཀྱི་རྗེས་ཏག་ཏག་ལ། ནེ་ཧ་རིས་ཆིངས་ཡིག་དོན་ཚན་ལྔ་བརྒྱུད་ནས་རང་ཉིད་ལ་རྒྱལ་སྤྱིའི་མཚན་སྙན་འཐོབ་པའི་ཆེད་རྒྱ་གར་མི་མང་ལ་མགོ་སྐོར་བསླུ་བྲིད་བྱས་ཡོད། སྤྱི་ཡོངས་ཀྱི་ལྟ་ཚུལ་ལ། ཆིངས་ཡིག་དོན་ཚན་ལྔ་ནི་(བོད་ལ་ཁྲེལ་མེད་བྱས་པ་ནས་ཕྱི་ལོ་ ༡༩༥༩ ལོར་༧ཏཱ་ལའི་བླ་མ་བཙན་བྱོལ་ལ་ཕེབས་པའི་་བར་དུ་ནེ་ཧ་རིས་རྒྱ་ནག་ལ་བཟུང་བའི་སྲིད་བྱུས་གཙོ་བོ་དེ་ཡིན།)ནེ་ཧ་རུས་ལྷག་བསམ་རྣམ་དག་བྱས་པ་ལས་རྒྱ་ནག་གིས་ཁེ་བཟང་ཟོས་ཏེ་ཁོ་ལ་“རྒྱབ་གྲི་བརྒྱབ་པ་”ཡི་མཚོན་རྟགས་ཤིག་ཏུ་བརྩི་སྲོལ་ཡོད། འོན་ཀྱང་འདི་བདེན་པ་མ་རེད། རྒྱུ་མཚན་ནི་ནེ་ཧ་རུ་(དང་ཁིར་ཤི་ན-མེ་ནོན)ཡིས་ལ་དྭགས་དང་ཨ་ཁི་སཱ་ཆིན་དུ་རྒྱ་ནག་གི་བཙན་འཛུལ་ཡོང་བཞིན་པ་ཤེས་ཡོད་ཀྱང་། ཆིངས་ཡིག་དོན་ཚན་ལྔའི་རྨོངས་འཆར་དེ་[རྒྱ་གར་མི་མང་ཁྲོད་]གསོན་པོར་ཉར་བའི་ཆེད་དུ་གནས་ཚུལ་དེ་ལོ་མང་རིང་སྦས་སྐུང་བྱས་ནས་བཞག་པ་རེད།
དམག་དཔོན་ཐེ་མཱ་ཡ་(Thimayya)ཡིས་དེའི་ལོ་ཤས་གོང་ནས་ནེ་ཧ་རུ་དང་ཁིར་ཤི་ན-མེ་ནོན་གཉིས་ལ་ཨ་ཁི་སཱ་ཆིན་དུ་རྒྱ་ནག་གི་བྱ་འགུལ་ཡོང་བཞིན་པའི་སྐོར་ལ་སྙན་གསན་ཞུས་ཡོད། དམག་དཔོན་ཁོང་གིས་དབྱིན་ཇིའི་རི་འཛེགས་པ་མིང་ལ་སི་ཌི་ནི-ཝི་ནལ་(Sydney Wignall) ཞེས་པ་དེ་རྒྱ་ནག་གིས་ས་ཁུལ་དེར་གཞུང་ལམ་འཛུགས་སྐྲུན་བྱེད་ཀྱིན་ཡོད་པའི་གནས་ཚུལ་ལ་བདེན་དཔང་བྱེད་མཁན་དུ་བསྐོས་པ་རེད། རི་འཛེགས་པ་དེ་རྒྱ་ནག་གིས་འཛིན་བཟུང་བྱས་ནས་གློད་གྲོལ་བཏང་རྗེས། ཁ་ཆར་བུ་ཡུག་འགའ་ཤས་ལས་ཐར་ནས་དཀའ་ཚེགས་དཔག་མེད་བརྒྱུད་ཕྱིར་རྒྱ་གར་དུ་འབྱོར་བ་རེད། དེ་བས་དམག་དཔོན་ཐེ་མཱ་ཡ་ལ་རྒྱ་ནག་གིས་བཙན་འཛུལ་བྱེད་ཀྱིན་པའི་དཔང་རྟགས་འཐོབ་པ་རེད། དམག་དཔོན་གྱིས་སྲིད་གཞུང་ལ་གནས་ཚུལ་དེ་ཡར་ཞུ་བྱེད་དུས། ཁིར་ཤི་ན-མེ་ནོན་ཁོང་ཁྲོ་རབ་ཏུ་ཟོས་པ་དང་། ནེ་རུའི་མདུན་དུ་དམག་དཔོན་རྒན་པ་དེས་“ཨ་རིའི་གསང་བའི་ལས་ཁུངས་ཀྱི་རྫུན་བསྒྲགས་ལ་ཡིད་ཆེས་”བྱེད་ཀྱིན་ཡོད་བརྗོད་ཡོད།
དམག་དཔོན་ཐེ་མཱ་ཡའི་གནས་ཚུལ་ཡོང་ཁུངས་དེ་དབྱིན་ཇིའི་རི་འཛེགས་པ་སི་ཌི་ནི-ཝི་ནལ་གཅིག་པུ་མ་ཡིན་ཏེ། ཕྱི་ལོ་༡༩༦༢ ལོར་རྒྱ་ནག་གིས་ཚུར་རྒོལ་བྱས་ནས་ཅང་མ་འགོར་བའི་སྐབས་ལ། ངས་དམག་དཔོན་ཐེ་མཱ་ཡའི་ངག་ནས་ཁོང་གིས་དམག་མི་ལོ་ཆུང་ཞིག་ཨ་ཁ་སཱ་ཆིན་དུ་རྒྱ་ནག་གི་གནས་ཚུལ་རྟོག་ཞིབ་བྱེད་པར་བཏང་བ་དང་། དམག་མི་དེས་ཁོང་ལ་རྒྱ་ནག་གིས་ས་ཁུལ་དེར་བཙན་འཛུལ་བྱེད་བཞིན་པའི་གནས་ཚུལ་ཡར་ཞུ་བྱུང་བའི་སྐོར་ཐོས་བྱུང་། ཡིན་ན་ཡང་། ནེ་ཧ་རུའི་ནོར་འཁྲུལ་འགེབས་པའི་ཆེད་དུ་མི་མང་ལ་འདིའི་སྐོར་གང་ན་བཤད་མེད། (ངས་གནས་ཚུལ་ཐེངས་གཅིག་མིན་པར་གཉིས་ཙམ་གོ་བྱུང་སྟེ། དང་པོ་བྷེང་ལོར་དུ་གནང་བའི་གཏམ་བཤད་ཅིག་གི་སྐབས་དང། དེའི་ཕྱི་ཉིན་ང་རང་དངོས་སུ་ཁོང་མཇལ་བར་བཅར་སྐབས་རེད།) ནེ་ཧ་རུས་ད་དུང་ཡང་རྒྱ་གར་མི་མང་ལ་ཆིངས་ཡིག་དོན་ཚན་ལྔ་དང་། རྒྱ་དཀར་ནག་སྤུན་ཟླ་ཡིན་པའི་མགོ་སྐོར་གཏོང་ཐབས་བྱེད་ཀྱིན་ཡོད། ཐ་ན་དེང་སྐབས་ཀྱང་གལ་གནད་ཀྱི་དུས་ཚིགས་འདི་དང་འབྲེལ་བའི་ཡིག་ཆ་རྣམས་ལ་ནེ་ཧ་རུའི་ཁྱིམ་རྒྱུད་ཀྱིས་སྒེར་གཅོད་སྟངས་འཛིན་བྱེད་ཀྱིན་ཡོད་ལ། ཐ་ན་ཁབ་ཀྱི་ཡིག་ཚང་དུ་ཡོད་པའི་ཡིག་ཆ་རྣམས་ལ་ནེ་རོ་དང་གྷན་དྷིའི་རྒྱུད་པ་ཚོའི་ཆོག་མཆན་མེད་པར་མཁས་པ་ཚོས་ལྟ་ཀློག་བྱེད་མི་ཆོག འདི་ནི་ནེ་ཧ་རིའི་མཚན་སྙན་བདེན་པས་གཏོར་བརླག་གཏོང་བ་ལས་སྲུང་སྐྱོབ་བྱེད་པའི་སླད་དུ་རེད། (ཡིན་ན་ཡང་། ཡིག་ཆ་གཅིག་པ་མང་པོ་ཞིག་དབྱིན་ཇིའི་འགྲེམ་སྟོན་ཁང་དང་དཔེ་མཛོད་ནས་རག་གི་ཡོད།)
ཡིད་སྐྱོ་བའི་ནོར་འཁྲུལ་ཚབས་ཆེན་འདི་དག་གི་རྒྱུན་ནེ་ཧ་རུ་གྲོངས་རྗེས་སུ་མུ་མཐུད་བྱུང་ཡོད། བྷང་ལ་དྷེ་ཤིའི་དམག་འཁྲུག་ནང་། རྒྱ་གར་ལ་དེང་རབས་ལོ་རྒྱུས་ཁྲོད་ཀྱི་རྒྱལ་ཁ་ཆེ་ཤོས་གཅིག་ཐོབ་ཡོད་དེ། པ་ཀི་སི་ཐན་གྱི་དམག་མི་༩༠,༠༠༠ ལྷག་རྒྱ་གར་གྱི་འཛིན་བཟུང་འོག་ཐེབས་པ་དང་། གསར་དུ་རང་བཙན་ཐོབ་པའི་བྷང་ལ་དྷེ་ཤི་ཡིས་དམག་མི་དེ་དག་ཤར་བྷེང་གྷལ་(East Bengal) གྱི་མི་མང་ལ་གདུག་རྩུབ་བཏང་བའི་ཉེས་པའི་འོག་ནས་ཁྲིམས་གཅོད་བྱེད་འདོད་ཡོད། རྒྱ་གར་གཞུང་ནས་དམག་མི་དེ་དག་པ་ཀི་སི་ཐན་དང་གྲོས་སྒྲིག་བྱེད་ཀྱི་མ་རྩར་བཀོལ་ནས་ཀཱ་ཤི་མིར་གྱི་དཀའ་ངལ་དེ་གཏན་དུ་གཙང་སེལ་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་། ཨིན་ཌར-གྷན་དྷི་(Indira Gandhi) ཡིས་གསེར་དང་མཚུངས་པའི་གོ་སྐབས་དེ་རྒྱང་དུ་དོར་ནས་དེའི་ཚབ་ཏུ་སིམ་ལའི་ཆིངས་ཡིག་(Shimla Agreement) ཅེས་པའི་ཤོག་དུམ་ཞིག་བླངས་པ་རེད། བླུན་རྟགས་འདིའི་བཀའ་དྲིན་ལ་བརྟེན་ནས་[ད་ལྟ་]ཀཱ་ཤི་མིར་དུ་པ་ཀི་སི་ཐན་སྔར་བས་ཀྱང་བྲེལ་བ་ཆེ་བར་གནས་ཡོད། །
(ཁ་གསལ་གོ་བདེ་མེད་རིགས་བྱུང་ན་མ་རྩོམ་དབྱིན་ཡིག་ལ་ཚད་འཛིན་དགོས།)