ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་གཞས་པ་ཞིག་ལ་ཐོབ་པ།
ཨ་རིའི་གཞས་པ་དང་གཞས་ཚིག་འབྲི་མཁན་བྷོབ་ཌ་ལན་ལ་ཕྱི་ལོ་༢༠༡༦ ལོའི་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཐོབ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་ན་༧༥ ལ་སོན་པའི་གཞས་པ་དང་གཞས་ཚིག་རྩོམ་མཁན་། དེ་བཞིན་སྒྱུ་རྩལ་བ་དང་འཁྲབ་སྟོན་པ། རྩོམ་པ་པོ་བཅས་གཅིག་ལྕོགས་སུ་གྱུར་པའི་བྷོབ་ཌ་ལན་(Bob Dylan) གྱིས་ཨ་རིའི་སྲོལ་རྒྱུན་གླུ་གཞས་ཁྲོད་དུ། སྙན་ངག་བརྒྱུད་ཚོར་བ་སྟོན་སྲོལ་གསར་པའི་རིགས་གསར་གཏོད་བྱས་པའི་དབང་གིས་ཁོང་ལ་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཕུལ་ཡོད་འདུག ཕྱི་ལོ་༡༩༩༣ ལོར་ཨ་རིའི་རྟོག་བརྗོད་རྩོམ་སྒྲུང་འབྲི་མཁན་ཊོ་ནི་མོར་རི་སོན་ལ་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཕུལ་ནས་བཟུང་། ད་བར་ལོ་ངོ་བཅུ་ཕྲག་གཉིས་ཀྱི་ནང་དུ་ཨ་རི་ནང་ནས་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་བཞེས་མཁན་ཐོག་མ་དེ་ཁོང་ཆགས་ཡོད་འདུག ཕྱི་ལོ་༡༩༤༡ ལོའི་ཕྱི་ཟླ་༥ པའི་ཚེས་༢༤ ཉིན་ཁོང་ཨ་རི་མི་ནི་སོ་ཀྲར་སྐྱེས་ཤིང་། ཕྱི་ལོ་༡༩༥༡ ལོར་རོལ་དབྱངས་ཀྱི་ལས་རིགས་སུ་ཞུགས་ཡོད་འདུག
ཕྱི་ལོ་༡༩༦༠ ནང་བརྩམས་པའི་ཁོང་གི་གཞས་ཚིག་དང་། གཞས་སོགས་ཡོངས་གྲགས་སུ་རྒྱུག་ཆེ་ཤོས་གྱུར་འདུག་པ་མ་ཟད། ཁོང་ནི་ཨ་རིའི་དཀའ་སྡུག་གི་ལོ་རྒྱུས་སྨྲ་བ་ཞིག་ཀྱང་ཡིན་འདུག “རླུང་འཚུབ་”དང་“དུས་འགྱུར་”ཞེས་པའི་ཁོང་གི་གཞས་རྣམས་ནི་ཨ་རིའི་མི་སེར་དཀྱུས་མའི་ཐོབ་ཐང་གི་ལས་འགུལ་དང་། དམག་འཁྲུག་ལ་རྒོལ་བའི་ལས་འགུལ་བཅས་ཀྱི་རྒྱལ་གླུ་ལྟ་བུར་གྱུར་ཡོད་འདུག་པ་དང་། ཁོང་གིས་སྲོལ་རྒྱུན་གྱི་དམངས་གཞས་ཁྲོད་དུ་དེང་རབས་ཀྱི་སྒྲ་སྙན་རོལ་དབྱངས་ཀྱི་རྣམ་འགྱུར་མང་པོ་གསར་རྩོམ་བྱས་པ་དེར་འགྲིག་མིན་གྱི་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་མིན་ལ་མ་ལྟོས་པར། ཁོང་གིས་ཆོད་སེམས་བརྟན་པོས་དཀའ་རྙོག་ཡོད་ཚད་ལ་གདོང་གཏད་ཀྱིས་ཨ་རིའི་སྲོལ་རྒྱུན་དམངས་གཞས་ཁྲོད་མི་སེམས་ཡོམ་ཡོམ་དུ་སྒུལ་བའི་དེང་རབས་ཀྱི་རོལ་དབྱངས་ཀྱི་ཉམས་འགྱུར་མང་པོ་ཞིག་གསར་རྩོམ་བྱས་ཡོད་འདུག
ཕྱི་ལོ་༡༩༩༤ ནས་ད་བར་ཁོང་གིས་རི་མོ་དང་། ཚོན་བྲིས་ཀྱི་དེབ་དྲུག་བཏོན་ཡོད་པ་དང་། དེ་དག་སྒྱུ་རྩལ་འགྲེམས་སྟོན་ཁང་གྲགས་ཅན་ཚང་མའི་ནང་འགྲེམས་སྟོན་བྱས་དང་བྱེད་བཞིན་ཡོད་འདུག ཁོང་གི་གླུ་གཞས་རོལ་དབྱངས་ཀྱི་བརྩམས་ཆོས་ཟེར་སྡེར་ས་ཡ་༡༠༠ ལྷག་བཙོང་ཟིན་ཡོད་པ་དང་། དེས་ཁོང་ནི་དུས་ནམ་ཡང་གླུ་གཞས་རོལ་དབྱངས་མང་ཤོས་བྲིན་མཁན་གྱི་སྒྱུ་རྩལ་བ་ཞིག་ཏུ་གྱུར་ཡོད་འདུག མ་ཟད་ད་བར་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ལ་བརྟེན་ནས་ཨ་རིའི་སྲིད་འཛིན་གྱི་རང་དབང་གི་གཟེངས་རྟགས་ཞེས་པ་ཞིག་སྲིད་འཛིན་ཨོ་བྷ་མས་ཕུལ་བ་ལྟ་བུས་མཚོན་པའི་གཟེངས་རྟགས་ཧ་ཅང་མང་པོ་འབུལ་བཞེས་མཛད་ཡོད་འདུག ད་བར་གཞས་པ་ཞིག་ལ་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་ཐོག་མར་ཁོང་ཡིན་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།