ནོ་སྦེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་སྦེལ་རྗམ་ས་གནས་ཆུ་བཞི་སྒང་དྲུག་གིས་སྲུང་བརྩི་ཞུས་པ།
ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱར་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༢ ཉིན་སྦེལ་རྗམ་ཨན་ཊབ་ཏུ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༣༦ འཁོར་བའི་དུས་ཆེན་གྱི་མཛད་སྒོ་དང་། འཆར་ལོའི་ལོ་གསར་དགོང་ཚོགས་ཆེན་མོ་སྲུང་བརྩི་ཡང་ཞུས་ཡོད་འདུག

སྐབས་དེ་དུས་སྐུ་མགྲོན་གཙོ་བོ་ཡོ་རོབ་བོད་རིགས་འབྲེལ་མཐུད་པ་དོན་གྲུབ་རྒྱལ་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་བརྟེན། བོད་ཀྱི་འཐབ་རྩོད་རྒྱལ་སྤྱིའི་རང་བཞིན་ཅན་དུ་འགྱུར་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱལ་སྤྱིའི་དོ་སྣང་དང་དགའ་ཞེན་ཆེ་རུ་ཕྱིན་ཡོད་པ། གཞན་ཡང་རྒྱལ་སྤྱིའི་ནང་བོད་དོན་སྐོར་གླེང་སློང་ཤུགས་ཆེ་རུ་ཕྱིན་པ་དང་། གྲོས་ཆོད་འཇོག་པ། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གདེང་འཇོག་དང་། མགོན་པོ་གང་ཉིད་ཀྱི་མཚན་སྙན་གྲགས་སྔར་ལྷག་དར་རྒྱས་བྱུང་བ་དང་མཉམ་འཛམ་གླིང་ནང་པ་སྤྱི་དང་། བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་དར་ཁྱབ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཡོངས་ཀྱི་ཞི་བདེའི་དེད་དཔོན་ཆེན་པོར་བཀུར་གནང་བ། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་རང་དབང་དང་དྲང་བདེན་གྱི་རེ་བ་གསར་པའི་སེམས་ཤུགས་འཕར་མ་བསྐྱེད་པ་བཅས་མདོར་ན་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེ་རང་ཅག་བོད་འབངས་ཡོངས་ལ་ཧ་ཅང་གི་ཕན་རླབས་དང་བཀའ་དྲིན་ཆེན་པོ་ཆགས་ཡོད་པ་བཅས་དང་། དེ་བཞིན་ཁོང་གིས་བོད་ཀྱི་ལོ་གསར་དང་ཕྱི་ལོ་གསར་པ་འཆར་ལ་ཉེ་བར་སོང་བོད་རིགས་ཡོངས་ཀྱིས་ལོ་གསར་པར་སོ་སོའི་སྐད་ཡིག་དང་རིག་གཞུང་བདག་པོ་རྒྱག་རྒྱུ། འཕྲོད་བསྟེན་ལ་ཐུགས་སྣང་། བོད་མི་ནང་ཁུལ་འཆམ་མཐུན་དང་གཅིག་ཕན་གཅིག་གྲོགས། སྤྱི་དོན་ལ་སེམས་ཤུགས་དང་ཐུགས་ཁུར་མུ་མཐུད་དགོས་པའི་ལམ་སྟོན་གནང་ཡོད་འདུག ཉིན་དེར་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་སྐྱིད་སྡུག་སོ་སོའི་ངོས་ནས་རིག་གཞུང་འཁྲབ་སྟོན་དང་། སྙན་ངག་གྱེར་འདོན་། བོད་ཆས་དཔེ་གསར་འགྲེམས་སྟོན། རྐྱང་གཞས། བྲོ་དང་སྐོར་བྲོ་བཅས་རིམ་བཞིན་གཟིགས་འབུལ་དང་སྐུ་མགྲོན་རྣམས་ལ་གསོལ་ཚིགས་འདེགས་འབུལ་བཅས་མཛད་སྒོ་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་བཅས་གནས་ཚུལ་འཁོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
