ནོར་གླིང་གི་རྩིས་ཀྱི་གནས་སྟངས་ཁ་གསལ་མེད་པ་དོན་ཚན་བརྒྱད་ད་དུང་ལྷག་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་རྩིས་ཀྱི་གནས་སྟངས་གསལ་ཁ་མེད་པར་མཇུག་སྐྱོང་དགོས་པ་༦༨ བྱུང་ཡོད་པ་དང་། ཞིབ་འཇུག་སླད་གྲོས་ཚོགས་ནས་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་བཞག་བྱས་ཏེ། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཞིབ་འཇུག་སྙན་ཐོ་བཏོན་ཡོད་པ་རེད།

mp156༢༠༡༥ ལོའི་ཕྱི་ཟླ་༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་དྲུག་པའི་བོད་མིའི་སྒྲིག་འཛུགས་མ་ལག་ཆ་ཚང་རྩིས་ཞིབ་བྱས་ཚར་པའི་རྗེས། སྙན་ཐོར་མཇུག་སྐྱོང་བྱས་ཏེ། དེའི་ནང་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་ཀྱི་འདུག་ཅེས་སྤྱི་འཐུས་ཀརྨ་ཡེ་ཤེས་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་འཐུས་རྨོག་རུ་བསྟན་པ་བཅས་བསྐོ་བཞག་བྱས་ཏེ། ཁོང་ཚོས་ཞིབ་འཇུག་སྙན་ཐོ་ཞིག་ཐེངས་འདིའི་གྲོས་ཚོགས་ནང་བཏོན་ཡོད་པ་རེད།

ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཡེ་ཤེས་ལ་ཞིབ་འཇུག་དེའི་སྐོར་བཅར་འདྲི་བྱས་པར། ཁོང་གིས་ “ ང་ཚོ་གསུམ་གྱི་ལས་ཀ་དེ་ནོར་གླིང་གི་ལོ་གཉིས་རིང་རྩིས་ལ་མཇུག་སྐྱོང་དགོས་པ་༦༨ ལ་ཞིབ་འཇུག་བྱས་ཏེ། མཐའ་མའི་ཐག་གཅོད་བྱེད་རྒྱུ་དེ་རེད། སྤྱིར་བཏང་ནོར་གླིང་དེ་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་བཙུགས་པ་དང་། ཟུར་སྐྱོང་སྡེ་ཚན་རེད། དེའི་ནང་ཐག་གཅོད་ཤུགས་ཆེ་བ་ནོར་གླིང་གི་འགན་འཛིན་ལྷན་ཚོགས་ནས་བྱེད་དགོས་པ་རེེད། ང་ཚོས་ཞིབ་འཇུག་བྱས་དུས། མཇུག་སྐྱོང་དགོས་པ་༦༨ ནས་ཁག་ཅིག་སྔོན་མ་ཡིག་ཆ་ཡག་པོ་ཕུལ་མ་ཐུབ་ནས། ད་ལྟ་ཕུལ་བ་དང་གཙང་མ་ཆགས་པ་དང་། ཁག་ཅིག་ནོར་གླིང་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་ནང་བཞིན་འགྲོ་དགོས་པ་དང་། རྩིས་ཞིབ་ཚང་མ་རྒྱ་གར་གྱིས་བྱེད་ཀྱི་ཡོད་པས། རྒྱ་གར་གྱིས་རྩིས་ཞིབ་ཟིན་པ་གཞིར་བཟུང་གིས་༦༨ ནང་ནས་༦༠ གཙང་མ་ཆགས་པ་དང་། ༨ ད་ལྟ་ལྷག་བསྡད་ཡོད་པ་རེད། ཞིབ་འཇུག་སྐབས་ནོར་གླིང་ལ་མར་འགྲོ་དགོས་པ་རེད་མོད། མར་འགྲོ་མ་ཐུབ་པ་རེད། ཡིན་ཡང་དངོས་སུ་ལས་ཀ་བྱེད་སྐབས། ནོར་གླིང་སྤྱི་ཁྱབ་འགན་འཛིན་དང་། རྩིས་དཔོན། བདེ་དོན་འགན་འཛིན་ཚང་མ་ཐེངས་ཁ་ཤས་ལ་ཡར་ཡོང་ནས། ཡག་པོ་བྱུང་སོང་། ད་ལྟ་ཚར་བ་དེ་ཚར་བ་རེད། གལ་ཆེ་ཤོས་དེ་མ་འོངས་པ་ཡིན་པས། ནོར་གླིང་གི་རྩིས་ཀྱི་འགྲོ་སྟངས་ཡོང་དང་སོང་། ལྷག འགྲོ་སོང་ཚང་མ་འགན་འཛིན་ལྷན་ཚོགས་ལ་བཀའ་ཁྲོལ་ཞུ་ཡི་ཡོད་པ་རེད་དེ། ཞིབ་ཚགས་པོ་ཞུ་ཡི་མི་འདུག དེ་ཚོ་ཞིབ་ཚགས་པོ་ཞུ་དགོས་པའི་རྒྱབ་གཉེར་སྙན་ཐོ་དོན་ཚན་༡༠ བཏོན་ཡོད་པ་རེད། འགན་འཛིན་ལྷན་ཚོགས་ནས་མ་འོངས་པར་སྟངས་འཛིན་ཆེ་ཙམ་བྱེད་དགོས་པ་གལ་ཆེན་པོ་འདུག་”ཅེས་གསུངས་སོང་།

ནོར་གླིང་ལ་སོང་ནས་ཞིབ་འཇུག་མ་ཐུབ་པའི་རྒྱུ་མཚན་ཇི་ཡིན་བཅར་འདྲི་བྱས་པར། སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས། “ང་ཚོར་གྲོས་ཚོགས་ཚར་པ་དང་བསྐོ་བཞག་ཡི་གེ་འབྱོར་ཡོད་རེད་མོད། ལས་ཀ་འགོ་མ་བཙུགས་སྔོན་ལ། སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག ནོར་གླིང་བཅས་ཀྱི་བར་དུ་ཡིག་འབྲེལ་ཞིག་འགྲོ་བསྡད་ཡོད་པས། དེའི་འཕེལ་རིམ་གྱིས་ཅུང་འགག་རེད། དེ་ནས་ནོར་གླིང་ལ་མར་འགྲོ་མ་ཐུབ་པ་དེ་ནོར་གླིང་གིས་མཁྱེན་གྱི་རེད་མ་གཏོགས། ང་ཚོས་ཤེས་ཀྱི་མེད། ང་ཚོར་དགོས་པ་དེ་ཡིག་ཆ་ལ་བལྟ་དགོས་པས། དེ་ཚོར་བལྟས་ནས་ད་ལྟ་སྐྱོ་གནས་༨ ལས་ལྷག་ཡོད་པ་མ་རེད། ༨ དེ་ཡང་ཁོ་རང་ཚོས་དཀའ་ལས་བརྒྱབ་ན་གཙང་མ་ཆགས་མ་ཐུབ་པ་ཡོད་པ་མ་རེད། ནོར་གླིང་ལ་སྒྲིག་གཞི་ཡོད་པ་རེད་མོད། སྒྲིག་གཞི་ལས་བརྒལ་བའི་ཐག་གཅོད་མང་པོ་བྱས་འདུག སྒྲིག་གཞི་ཟུར་དུ་བཞག་ནས་འཛིན་སྐྱོང་གི་བཀོད་ཁྱབ་ཀྱིས་ཐག་གཅོད་བྱས་འདུག སྒྲིག་གཞི་ལ་གསལ་ཁ་དགོས་པ་དང་། སྒྲིག་གཞི་བསྐྱར་བཅོས་དགོས་པ་དང་། སྔོན་རྩིས་ལ་བཀའ་ཁྲོལ་དགོས་པ་བཅས་གལ་ཆེན་པོ་ཆགས་འདུག་”ཅེས་གསུངས་སོང་།

སྐྱོ་གནས་དོན་ཚན་༨ ལྷག་པ་དེ་དངུལ་ཆད་ལྷག་གི་སྐོར་ཡིན་དང་དཀའ་ངལ་གཙོ་བོ་ག་རེ་ཡིན་སྐོར་དྲིས་པར། སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་ “གཅིག་དེ་འགན་འཛིན་ཟུར་པ་ལ་ནད་པ་ཡིན་པའི་ལོ་གཅིག་གི་གླ་ཕོག་སྒྲིག་གཞིའི་ནང་གསལ་པོ་མེད་ནའང་སྤྲད་པ་དང་། གཞན་ཁག་ཅིག་སྤྱི་རྒྱལ་ལ་ཅ་ལག་བཙོང་རྒྱུ་བཞག དེའི་དངུལ་ཚུར་མ་རག་པའི་དཀའ་ངལ་བཅས་རེད་”ཅེས་གསུངས་སོང་།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།