པ་ཀི་སི་ཐན་གྱི་ལོ་རྒྱུས་ཁྲོད་འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་ཧིན་དུའི་བུད་མེད་ཐོག་མ་དེ་བྱུང་འདུག

ཟླ་འདིའི་ཚེས་༢༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། པ་ཀི་སི་ཐན་གྱི་འོས་བསྡུ་ཆེན་མོའི་ནང་ཆེས་ཐོག་མའི་ཧིན་དུའི་བུད་མེད་ཅིག་མཉམ་ཞུགས་བྱས་ཡོད་འདུག

(པར། DAWN)

ཕྱི་ལོ་༢༠༢༤ ཟླ་༢ ཚེས་༨ ཉིན་ནི་པ་ཀི་སི་ཐན་གྱི་སྐབས་༡༦ པའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུ་ཆེན་མོ་དེ་ཡིན་ཞིང་། ཐེངས་འདིའི་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་བྱེད་མཁན་ཧིན་དུའི་བུད་མེད་སྨན་པ་ས་ཝེ་རྰ་(Dr Saveera) ་ཟེར་བ་ཞིག་བྱུང་འདུག་པ་དང་། མོ་ནི་འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་ཧིན་དུའི་བུད་མེད་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

ཁོང་མོས་ས་ཁུལ་དེའི་བུད་མེད་ཚོའི་བདེ་འཇགས་དང་བདེ་སྡུག་གི་ཐོག་ལས་ཀ་བྱེད་འདོད་ཡོད་པ་དང་། ལྷག་པར་དུ་ཁོང་གི་ཕ་དམ་པའི་རྗེས་སུ་བསྙེགས་ནས་དབུལ་ཕོངས་ཀྱི་གནས་སུ་གྱུར་པའི་ས་ཁུལ་ཁག་ལ་ལས་ཀ་བྱེད་རྒྱུ་ཡིན་ཞེས་པ་དང་། ཟླ་འདིའི་ཚེས་༢༣ ཉིན་འོས་བསྡུའི་ནང་ཞུགས་རྒྱུའི་ཐོ་འགོད་བྱས་ཡོད་ཅེས་བརྗོད་འདུག

ཁོང་མོ་ནི་པ་ཀི་སི་ཐན་གྱི་བྷུ་ནེར་(Buner) ་ཞེས་པའི་རྫོང་ནང་གི་ཧིན་དུའི་ཚོགས་སྡེ་ཞིག་ནས་ཡིན་པ་དང་། ཨ་བྷོ་ཏ་བྷ་ཊི(Abbottabad) ་ཞེས་པའི་རྒྱལ་སྤྱིའི་གསོ་རིག་མཐོ་སློབ་ནས་སྨན་པའི་སློབ་སྦྱོང་བྱེད་མྱོང་མཁན་གྱི་སྨན་པ་ཞིག་ཀྱང་ཆགས་ཡོད་འདུག ཁོང་གི་ཕ་དམ་པ་ནི་སྨན་པ་ཟུར་པ་ཞིག་ཡིན་པ་མ་ཟད། ལོ་ངོ་༣༥ རིང་པ་ཀི་སི་ཐན་མི་དམངས་ཆབ་སྲིད་ཚོགས་པ་ཞེས་པའི་ནང་ཚོགས་མི་ཡང་བྱས་མྱོང་ཡོད་འདུག

མོ་དང་མཚུངས་པ་པ་ཀི་སི་ཐན་གྱི་བྷུ་ནེར་(Buner) ་རྫོང་ནས་ཡིན་པའི་དྲྭ་གྲགས་(Imran Noshad Khan) ་ཟེར་བ་ཞིག་གིས་ཁོང་རང་ཉིད་ཀྱི་ཆབ་སྲིད་རྒྱབ་ལྗོངས་གང་ཡིན་མིན་ལ་མ་ལྟོས་པར་མོ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་མ་ཟད། བྷུ་ནེར་ཞེས་པའི་རྫོང་དེ་པ་ཀི་སི་ཐན་དང་ཟླ་སྒྲིལ་བཏང་ནས་ད་བར་ལོ་ངོ་༥༥ ཕྱིན་པའི་རྗེས་སུ། གཞི་ནས་འོས་བསྡུ་ནང་མཉམ་ཞུགས་བྱེད་མཁན་བུད་མེད་ཅིག་བྱུང་ཡོད་པ་དང་། དུས་ཚོད་དེ་ནི་གལ་འགངས་ཆེན་པོ་ཞིག་རེད་ཅེས་བརྗོད་ཡོད་འདུག

ཉེ་ཆར་པ་ཀི་སི་ཐན་གྱི་འོས་བསྡུ་ལྷན་ཁང་གིས་ཉེ་ཆར་བསྐྱར་བཅོས་བྱས་པའི་རྩ་ཁྲིམས་ལྟར་ན། རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་བུད་མེད་ཀྱི་འོས་མི་བརྒྱ་ཆ་ལྔ་ངེས་པར་དུ་ཡོད་དགོས་ཀྱི་འདུག བྷུ་ནེར་རྫོང་ལ་གྲོས་ཚོགས་སུ་རྐུབ་སྟེགས་༢༥ ཡོད་པ་དང་། བུད་མེད་སྨན་པ་དེ་ནི་བྷུ་ནེར་རྫོང་ནང་འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་བུད་མེད་ཐོག་མ་དེ་ཡིན་པ་མ་ཟད། པ་ཀི་སི་ཐན་གྱི་ལོ་རྒྱུས་ཁྲོད་འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་ཧིན་དུའི་བུད་མེད་ཆེས་ཐོག་མ་དེ་ཆགས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།