པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རན་ཁན་གློད་བཀྲོལ་བཏང་ཡོད་འདུག

པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རན་ཁན་གཟའ་མིག་དམར་ཉིན་གཞུང་དམག་གིས་འཛིན་བཟུང་བྱས་ཡོད་ཀྱང། ཁ་སང་གཟའ་ཕུར་བུའི་ཉིན་གློད་བཀྲོལ་བཏང་ཡོད་འདུག
ཟླ་འདིའི་ཚེས་༡༡ རེས་གཟའ་ཕུར་བུའི་ཉིན་པ་ཀི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ཁོང་འཛིན་བཟུང་བྱས་པ་དེ་པ་ཀི་སི་ཐན་གྱི་ཁྲིམས་དང་མཐུན་གྱི་མེད་ཚུལ་བརྗོད་ནས་ཁོང་གློད་བཀྲོལ་གཏོང་དགོས་བརྗོད་པ་བཞིན་ཁ་སང་ཕྱི་དྲོར་ཁོང་གློད་བཀྲོལ་བཏང་འདུག
ཕྱི་ཚེས་༩ ཉིན་པ་ཀི་སི་ཐན་གྱི་ས་གནས་ཁྲིམས་དཔོན་ཨུ་མར་ཨ་ཏྲོ་སྦི་དྷ་(Umar Ata Bandial ) ནས་པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རན་ཁན་ཁྲིམས་ཁང་ལ་ཡོང་དགོས་པ་བཀའ་བཏང་བ་ལྟར། ཉིན་དེར་ཁྲིམས་ཁང་དུ་ཡོང་སྐབས་ཁོང་འཛིན་བཟུང་བྱས་ཡོད་ཅིང། ཁོང་གཞུང་དམག་གིས་འཛིན་བཟུང་བྱས་རྗེས་ཁོང་གི་རྒྱབ་སྐྱོར་བས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། ཁོང་གི་རྒྱབ་སྐྱོར་བ་དང་བདེ་སྲུང་དམག་མིའི་བར་གདོང་ཐུག་ཤོར་ནས་མི་བཞི་བཅུ་ཡས་མས་ཤིག་གི་སྲོག་ཤོར་ཡོད་འདུག་ལ། མི་མང་པོ་ཞིག་རྨས་སྐྱོན་ཕོག་པ་དང་། དེ་བཞིན་བདེ་སྲུང་དམག་མི་བརྒྱ་ལྷག་རྨས་ཤིང་། ངོ་རྒོལ་བ་༢༠༠༠ ཙམ་ཞིག་འཛིན་བཟུང་བྱས་འདུག
ཁོང་འཛིན་བཟུང་བྱས་རྗེས་ཁོང་གི་ཁྲིམས་རྩོད་པས་ཞུ་གཏུགས་ཐེངས་མང་བྱས་ཡོད་ཅིང། ཁ་སང་ཁོང་འཛིན་བཟུང་བྱས་པ་དེ་པ་ཀི་སི་ཐན་གྱི་ཁྲིམས་དང་མཐུན་གྱི་མེད་ཚུལ་པ་ཀི་སི་ཐན་ཆེས་མཐོའི་ཁྲིམས་ཁང་ནས་བཀའ་རྒྱ་བཏང་མ་ཐག་ཨིམ་རན་ཁན་གློད་ཡོད་ཀྱང། ཁོང་གི་རྒྱབ་སྐྱོར་བས་ཉིན་གཉིས་རིང་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང། གཞུང་གི་ཅ་དངོས་ཕོན་ཆེན་གཏོར་རྒོལ་བྱས་པའི་རྐྱེན་གྱིས་ད་ལྟའི་སྲིད་བློན་ཤི་ཧི་སི་ཤི་རག་པི་ཡིས་( Shehbaz Sharif ) གཞུང་གི་ཅ་དངོས་གཏོར་རྒོལ་བཏང་བ་ནི་དྲག་སྤྱོད་པའི་སྤྱོད་ཚུལ་ཡིན་ཚུལ་བརྗོད་པར་བརྟེན། མི་མང་པོ་ཞིག་ཧ་ཅང་གིས་ཁོང་ཁྲོ་ལངས་ཡོད་པ་དང། སྲིད་དོན་ཚོགས་པ་གཉིས་བར་འགལ་ཟླ་ཇེ་ཆེར་འགྲོ་བཞིན་ཡོད་འདུག
ཟིང་འཁྲུག་དེའི་ཁྲོད་ཨིམ་རན་ཁན་ཁོང་གི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཉུང་མཐའ་ལ་བདུན་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་པ་ཀི་སི་ཐན་གྱི་བདེ་སྲུང་བློན་ཆེན་གྱིས་བརྗོད་དོན་ལ་གལ་སྲིད་མུ་མཐུད་ནས་འདི་ལྟར་ཟིང་འཁྲུག་བྱུང་ཚེ་པ་ཀི་སི་ཐན་རྒྱལ་ཡོངས་ནང་ཛ་དྲག་གི་བཀའ་རྒྱ་གཏོང་དགོས་འབྱུང་སྲིད་པ་རེད་ཅེས་བརྗོད་འདུག
ད་ལྟའི་ཆར་པ་ཀི་སི་ཐན་ནང་དཔལ་འབྱོར་དང་བདེ་སྲུང། དེ་བཞིན་ཆབ་སྲིད་སོགས་ལ་དཀའ་ངལ་དུ་མ་ཞིག་གིས་རྐྱེན་པས་མི་དམངས་རྣམས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག
གསར་འགོད་པ་བསོད་ནམས་ཕུན་ཚོགས།