པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རན་ཁན་གྱི་སྲིད་དོན་ཚོགས་པ་ཁ་འཐོར་འདུག

ཨིམ་རན་ཁན་གྱི་གྲོགས་པོ་རྙིང་པ་ཞིག་དང་ཁན་ཌིར་ནེ་(Khan Tareen)ཟེར་བའི་འགོ་ཁྲིད་གཉིས་ཀྱིས་སྣེ་ཁྲིད་ནས་ཨིམ་རན་ཁན་གྱི་སྲིད་དོན་ཚོགས་པའི་ཚོགས་མི་ཟུར་པ་༡༠༠ ཡིས་སྲིད་དོན་ཚོགས་པ་གསར་པ་ཞིག་ལོག་ཏུ་བཙུགས་ཡོད་འདུག
ཕྱི་ཚེས་༩ ཉིན་རྒྱ་གར་གྱི་(Wion)གསར་ཁང་གི་གནས་ཚུལ་ལ་ལྟར་ན། དེ་སྔོན་པ་ཀི་སི་ཐན་གཞུང་གི་ཁྲིམས་ཁང་ཞིག་གི་བཀའ་རྒྱའི་འོག་སྲིད་བློན་ཟུར་པ་ཨིམ་རན་ཁན་འཛིན་བཟུང་བྱས་རྗེས། པ་ཀི་སི་ཐན་རྒྱལ་ཡོངས་ནང་མི་མང་གིས་ངོ་རྒོལ་རྒྱ་ཆེན་པོ་བྱས་ནས་ངོ་རྒོལ་བས་པ་ཀི་སི་ཐན་གྱི་དམག་གི་ཡོ་ཆས་དང་མཚོན་ཆ་སོགས་ཕོན་ཆེན་གཏོར་རྒོལ་བྱས་པར་བརྟེན། ཨིམ་རན་ཁན་གྱི་སྲིད་དོན་ཚོགས་པའི་ཚོགས་མི་དུ་མ་ཞིག་སྲིད་དོན་ཚོགས་པ་ནས་ཐོན་ཡོད་ཅིང། ཟླ་བ་འདིའི་ཕྱི་ཚེས་༩ ཉིན་པ་ཀི་སི་ཐན་ནང་སྲིད་དོན་ཚོགས་པ་( Istehkam-e-Pakistan Party) ཟེར་བ་ཞིག་གསར་འཛུགས་བྱས་ཡོད་འདུག ཁན་ཌིར་ནེ་ཟེར་བ་དེ་ཡིས་བརྗོད་དོན་ལ་དེ་རིང་ང་ཚོས་སྲིད་དོན་ཚོགས་པ་གསར་འཛུགས་བྱས་ནས་ཡོང་རྒྱུའི་རྒྱལ་ཡོངས་འོས་བསྡུའི་ནང་འགྲན་རྩོད་བྱེད་རྒྱུ་ཡིན་པ་དང། ད་ཆར་པ་ཀི་སི་ཐན་ལ་འཕྲད་བཞིན་པའི་སྲིད་དོན་གྱི་རྩོད་རྙོག་དང་དཔལ་འབྱོར་གྱི་དཀའ་ངལ་ལས་གང་མགྱོགས་སྐྱོབ་ཐབས་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
ཁན་ཌིར་ནེ་ཡིས་སྲིད་བློན་ཟུར་པ་ཨིམ་རན་ཁན་ལ་ཕྱི་ལོ་༢༠༡༨ ལོར་ཁོང་གི་འོས་བསྡུའི་ཁྲོད་རོགས་རམ་ཆེན་པོ་བྱས་འདུག་ཀྱང། ཕྱིས་སུ་ཨིམ་རན་ཁན་ལ་དངུལ་དང་འབྲེལ་བའི་རྩོད་རྙོག་ཞིག་བྱུང་སྐབས་ཁན་ཌིར་ནེ་དང་ཨིམ་རན་ཁན་བར་འགལ་ཟླ་གྱུར་ཡོད་འདུག ད་དུང་ཁོང་གིས་བརྗོད་དོན་ལ་ང་ཚོའི་སྲིད་དོན་ཚོགས་པ་ནི་རྟག་ཏུ་མི་མང་དང་མཉམ་དུ་ཡོད་ལ། ང་ཚོས་མ་འོངས་པར་མི་མང་གི་མངོན་འདོད་འགྲུབ་ཐབས་ལ་འབད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། ད་ལྟའི་གཞུང་འཛིན་སྲིད་དོན་ཚོགས་པས་གཞུང་འཛིན་སྐྱོང་ཡག་པོ་བྱེད་ཐུབ་གྱི་མེད་པ་མ་ཟད། སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་དཀའ་ངལ་དུ་མ་ཞིག་གིས་རྐྱེན་པའི་མི་མང་མང་པོ་ཞིག་ད་ལྟའི་གཞུང་འཛིན་སྲིད་དོན་ཚོགས་པར་རེ་བ་བརླག་བཞིན་ཡོད་པས། ད་ཆར་པ་ཀི་སི་ཐན་ནང་འགོ་ཁྲིད་གསར་པ་ཞིག་དགོས་པ་དང་། ང་ཚོས་སྲིད་དོན་ཚོགས་པ་གསར་པ་ཞིག་བཙུགས་ནས་མ་འོངས་པར་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་ཡིན་ཞེས་བརྗོད་འདུག
ཨིམ་རན་ཁན་གྱི་སྲིད་དོན་ཚོགས་པ་གཡུགས་ནས་ད་ཆར་སྲིད་དོན་ཚོགས་པ་གསར་པའི་ནང་འཛུལ་མཁན་༡༣༠ ཙམ་ཡོད་འདུག་པས། ཨིམ་རན་ཁན་ལ་རྒྱབ་སྐྱོར་བྱེད་མཁན་ཚོགས་མི་ཉུང་ཉུང་ལས་ལྷག་མེད་པ་དང་། ཨིམ་རན་ཁན་གྱིས་པ་ཀི་སི་ཐན་གྱི་དམག་མི་ལ་སྐྱོན་བརྗོད་བྱས་རྗེས། ཁོང་གི་རྒྱབ་སྐྱོར་བ་ཁ་ཤས་ཀྱིས་དམག་གི་ཡོ་ཆས་མང་པོ་གཏོར་རྒོལ་བྱས་པ་དེར། ཁོང་རང་ཉིད་ཀྱི་སྲིད་དོན་ཚོགས་པའི་ཚོགས་མི་མི་མང་པོ་ཞིག་གིས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ད་ཆར་ཨིམ་རན་ཁན་ཁེར་རྐྱང་ལྟ་བུར་འགྱུར་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
