པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རན་ཁན་ད་ལྟ་ཁོ་རང་གཅིག་པུར་གྱུར་འདུག

པ་ཀི་སི་ཐན་ནང་ཆབ་སྲིད་བརྟན་བརླིང་མེད་པའི་རྐྱེན་གྱིས་རྒྱལ་ཁབ་ནང་ངོ་རྒོལ་རྒྱ་ཆེན་བྱས་པ་དང་། གཞུང་གི་ཅ་དངོས་གཏོར་བཅོམ་བྱས་པ་སོགས་ཀྱི་རྐྱེན་པས་མི་མང་མང་པོ་ཞིག་ཤི་རྨས་བྱུང་བ་དང་། བཙོན་འཇུག་བྱས་པ། ཉེན་རྟོག་པས་ཉེན་བརྡ་གཏོང་བ་སོགས་ཀྱི་དོན་རྐྱེན་མང་པོ་ཡོང་བཞིན་ཡོད་འདུག
ཕྱི་ཚེས་༨ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་ཚུལ་ལ། ཉེ་ཆར་པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རན་ཁན་པ་ཀི་སི་ཐན་གྱི་རྫོང་གི་ཁྲིམས་ཁང་ཞིག་གིས་འཛིན་བཟུང་བཀའ་རྒྱ་བཏང་བ་བཞིན། ཕྱི་ཚེས་༥ ཉིན་འཛིན་བཟུང་བྱས་ཡོད་པ་དང་། ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་པ་མ་ཟད། པ་ཀི་སི་ཐན་གྱི་སྒོར་མོ་འབུམ་གཅིག་ཉེས་ཆད་བཅད་ཡོད་འདུག འོན་ཀྱང་། དེ་སྔོན་ཕྱི་ཟླ་༥ པ་ནང་པ་ཀི་སི་ཐན་གྱི་ཁྲིམས་ཁང་ཞིག་གིས་བཀའ་རྒྱ་བཏང་ནས་ཨིམ་རན་ཁན་འཛིན་བཟུང་བྱས་ཡོད་ཀྱང་། ཨིམ་རན་ཁན་གྱི་རྒྱབ་སྐྱོར་བ་མི་མང་སྟོང་ཚོ་མང་པོས་པ་ཀི་སི་ཐན་ནང་ངོ་རྒོལ་རྒྱ་ཆེན་བྱས་ཏེ། དམག་གི་གོ་མཚོན་དང་གཞུང་གི་ཅ་དངོས་ཕོན་ཆེན་གཏོར་བཅོམ་བྱས་པ་དང་། དམག་མི་དང་ངོ་རྒོལ་བའི་བར་གདོང་ཐུག་ཤོར་ནས་མི་ཤི་རྨས་ཚབས་ཆེན་བྱུང་རྗེས། པ་ཀི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ཨིམ་རན་ཁན་འཕྲལ་དུ་གློད་བཀྲོལ་གཏང་དགོས་པའི་བཀའ་རྒྱ་བཏང་བ་བཞིན་གློད་དཀྲོལ་བཏང་ཡོད་པ་དང་།
ཟླ་བ་འགའ་ཤས་རྗེས་སུ་ཁོང་ལ་ཁྲིམས་ཐོག་ནས་ཞིབ་དཔྱད་བྱས་ནས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཡོད་པ་ར་འཕྲོད་བྱུང་ནས། ཐེངས་འདིར་ཁོང་དངོས་སུ་འཛིན་བཟུང་བྱས་ཡོད་ཀྱང་། དེ་སྔོན་དང་མི་འདྲ་བ་པ་ཀི་སི་ཐན་གྱི་ས་གནས་གང་སར་ནས་ངོ་རྒོལ་བྱེད་མཁན་མེད་པ་དང་། དེ་སྔོན་གྱི་ངོ་རྒོལ་བ་དག་ལ་པ་ཀི་སི་ཐན་གྱི་ཁྲིམས་ཐོག་ནས་ཉེས་ཆད་ལྗིད་པོ་བཅད་པ་དང་། འཛིན་བཟུང་བཀག་ཉར་བྱས་ཡོད་པའི་རྐྱེན་གྱིས། ཐེངས་འདིར་མི་མང་མང་པོ་ཞིག་འཇིགས་སྣང་གིས་ངོ་རྒོལ་བྱེད་འདོད་ཡོད་ཀྱང་མི་མང་པོ་ཡོང་གི་ཡོད་མི་འདུག ད་ལྟ་རང་ལོ་༧༠ ཡིན་པའི་པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རན་ཁན་པ་ཀི་སི་ཐན་གྱི་(Attock)ཟེར་བའི་གྲོང་ཁྱེར་ནང་ཡོད་པའི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་འདུག ཁོང་འཛིན་བཟུང་མ་བྱས་སྔོན་པ་ཀི་སི་ཐན་གྱི་ཉེན་རྟོག་པ་དང་། གསང་བའི་ལས་ཁུངས་ཀྱིས་ཨིམ་རན་ཁན་བཀག་ཉར་གང་དུ་བྱ་རྒྱུ་ཡིན་མིན་སོགས་གསང་བ་བྱས་ཡོད་འདུག་ལ། ཉེན་རྟོག་ལས་ཁུངས་ནས་པ་ཀི་སི་ཐན་གྱི་གྲོང་ཁྱེར་མང་པོ་ཞིག་ལ་ངོ་རྒོལ་བ་འགོག་ཐབས་ཆེད་གྲ་སྒྲིག་ཀྱང་བྱས་ཡོད་འདུག དེ་བཞིན་པ་ཀི་སི་ཐན་གྱི་གསར་འགྱུར་ལས་ཁུངས་ཁག་ལ་ཡང་ཉེན་རྟོག་པས་ཨིམ་རན་ཁན་དང་འབྲེལ་བའི་གསར་འགྱུར་སྤེལ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག
ད་ཆར་པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རན་ཁན་གྱི་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དང་། དེ་སྔོན་ཨིམ་རན་ཁན་གྱི་སྲིད་དོན་ཚོགས་པའི་ཚོགས་མི་མང་པོ་ཞིག་གིས་སྲིད་དོན་ཚོགས་པ་ལོག་ཏུ་བཙུགས་ཡོད་པར་བརྟེན། ད་ཆར་ཁོ་རང་གཅིག་པུ་ལྟ་བུར་འགྱུར་བཞིན་ཡོད་པ་མ་ཟད། ཨིམ་རན་ཁན་གྱི་མ་འོངས་པའི་སྲིད་དོན་གྱི་མདུན་ལམ་མེད་པ་བཟོས་ཡོད་ཚུལ་བརྗོད་བཞིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།