པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཕྱིར་པ་ཀི་སི་ཐན་ལ་ལོག་རྒྱུ་ཡིན་འདུག

པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ནའ་ཝ་ཛི་ཤ་རི་(Nawaz Sharif)ལོ་མང་རིང་སྐྱབས་བཅོལ་དུ་ཕྱིན་ནས་ད་ཆར་ཕྱིར་པ་ཀི་སི་ཐན་ལ་ལོག་རྒྱུ་ཡིན་འདུག 

ཕྱི་ཚེས་༡༢ ཉིན་རྒྱ་གར་གྱི་(wion)གསར་ཁང་གིས་གསར་འགྱུར་སྤེལ་གསལ་ལ། པ་ཀི་སི་ཐན་གྱི་སྲིད་དོན་ཚོགས་པ་པ་ཀི་སི་ཐན་ཁ་ཆེའི་མཐུན་ཚོགས་(Pakisten Muslim League)གསར་འཛུགས་བྱེད་མཁན་ནའ་ཝ་ཛི་ཤ་རི་ཕྱི་ལོ་༢༠༡༧ ལོར་པ་ཀི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་བཀའ་རྒྱ་བཏང་སྟེ་ལྐོག་ཟ་རུལ་སུངས་ཀྱིས་རྐྱེན་པའི་སྲིད་བློན་ནས་ཕྱིར་ཕུད་བཏང་ཡོད་འདུག ཕྱི་ལོ་༢༠༡༨ ལོར་པ་ཀི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ནའ་ཝ་ཛི་ཤ་རི་གཞུང་གི་ལས་གནས་ཐོག་སྡོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག འདི་ལོའི་ཕྱི་ཟླ་༡༠ ཚེས་༢༡ ཉིན་དབྱིན་ཡུལ་ནས་པ་ཀི་སི་ཐན་ལ་ལོག་རྒྱུ་ཡིན་པ་སྲིད་བློན་ཟུར་པ་ནའ་ཝ་ཛི་ཤ་རིའི་གཅུང་པོ་པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་(Shehbaz Sharif )ཡིས་བརྗོད་ཡོད་འདུག ནའ་ཝ་ཛི་ཤ་རི་ཕྱི་ལོ་༢༠༡༩ ནས་དབྱིན་ཡུལ་ལ་སྨན་བཅོས་ཆེད་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༢༤ ལོའི་པ་ཀི་སི་ཐན་གྱི་སྲིད་བློན་འོས་བསྡུའི་ཆེད་དུ་རང་ལོ་༧༣ ཡིན་པའི་ནའ་ཝ་ཛི་ཤ་རི་ཕྱིར་པ་ཀི་སི་ཐན་ལ་ལོག་ནས་ཁོའི་སྲིད་དོན་ཚོགས་པའི་འོས་མི་བྱེད་རྒྱུ་ཡིན་འདུག ཁོ་དེ་སྔོན་པ་ཀི་སི་ཐན་གྱི་ས་ཆ་(Lahore’s Kot Lakhpat )ཞེས་པའི་བཙོན་ཁང་ནང་ལོ་བདུན་བསྡད་ཡོད་པ་དང་། ཕྱིས་སུ་ཁོའི་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་པའི་དབང་གིས་དབྱིན་ཡུལ་ལ་སྨན་བཅོས་ཆེད་དུ་ཕྱིན་ཡོད་འདུག 

ཉེ་ཆར་པ་ཀི་སི་ཐན་ཁ་ཆེའི་མཐུན་ཚོགས་སྲིད་དོན་ཚོགས་པའི་འགོ་ཁྲིད་དག་( London)ལ་ཕྱིན་ཏེ་ནའ་ཝ་ཛི་ཤ་རི་དང་ཐུག་ནས་ཁོ་ཕྱིར་ལོག་རྒྱུ་ཐག་བཅོད་བྱུང་ཡོད་འདུག ནའ་ཝ་ཛི་ཤ་རི་ནི་པ་ཀི་སི་ཐན་གཞུང་གི་ནང་སྲིད་བློན་ཆེན་ཐེངས་གསུམ་བྱས་མྱོང་ཡོད་འདུག་ཀྱང་། དུས་ཡུན་གསུམ་གར་ལོ་ལྔ་ཚང་བ་གཅིག་ཀྱང་བྱུང་ཡོད་མི་འདུག སྤྱིར་པ་ཀི་སི་ཐན་ནང་ད་བར་སྲིད་བློན་༡༨ བྱུང་ཡོད་ཀྱང་། སྲིད་བློན་གཅིག་ཀྱང་དུས་ཡུན་ཚང་བ་སྡོད་ཐུབ་མི་འདུག རྒྱུ་མཚན་ནི་པ་ཀི་སི་ཐན་ནང་དམག་མི་ཡིས་སྲིད་དོན་ཁྲོད་ཐེ་གཏོགས་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། དམག་མིས་སྲིད་གཞུང་ཐེངས་མང་བཟུང་མྱོང་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ཕུན་ཚོགས།