པ་ཀི་སི་ཐན་གྱིས་ཡུག་རེན་ལ་གསང་བའི་ཐོག་ནས་གོ་མཚོན་འཚོང་བཞིན་ཡོད་འདུག

འདས་པའི་ལོ་མང་རིང་ནས་པ་ཀི་སི་ཐན་ནང་དཔལ་འབྱོར་དང་། ཆབ་སྲིད། བདེ་སྲུང་སོགས་ཉེན་ཁའི་གནས་སུ་ལྷུང་སྟེ་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་ནས་དངུལ་ཕོན་ཆེན་བུན་གཡར་བྱས་ཡོད་ཀྱང་། ད་དུང་དཔལ་འབྱོར་ལ་དཀའ་ཁག་དུ་མ་ཞིག་འཕྲད་བཞིན་པའི་སྐབས་འདིར། ཡུག་རེན་ལ་ཨུ་རུ་སུས་བཙན་འཛུལ་བྱེད་བཞིན་པའི་རྐྱེན་གྱིས་ད་ཆར་ཡུག་རེན་ལ་གོ་མཚོན་དགོས་པར་བརྟེན། པ་ཀི་སི་ཐན་གྱིས་ཡུག་རེན་ལ་གསང་བའི་ཐོག་ནས་གོ་མཚོན་འཚོང་བཞིན་ཡོད་འདུག
ཕྱི་ཚེས་༢༠ ཉིན་རྒྱ་གར་གྱི་གསར་ཁང་(Firstpot)ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་གྱི་ཕྱི་སྲིད་བློན་ཆེན་དྷི་མེ་ཁྲོ་ཀོ་ལེ་པ་(Dmytro Kuleba)ལགས་པ་ཀི་སི་ཐན་ནང་ཉིན་གཉིས་རིང་གཟིགས་སྐོར་དུ་སླེབས་ཡོད་པ་དང་། པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་སྦི་ལ་ཝལ་སྦུ་ཊུ་ཛར་ཏེར(Bialwal Bhutto Zardair)་དང་མཇལ་མོལ་བྱས་ཡོད་འདུག་ལ། ཕྱི་ཚེས་༢༡ ཉིན་པ་ཀི་སི་ཐན་གྱི་སྲིད་བློན་ཤེ་བྷ་ཤེ་རེ་(Shehbaz Sharif)ལགས་དང་ལྷན་དུ་མཇལ་མོལ་བྱེད་རྒྱུ་ཡིན་འདུག དེ་རིང་གི་མཇལ་འཛོམས་དེ་གཙོ་བོ་ཡུག་རེན་ལ་གོ་མཚོན་འཚོང་རྒྱུའི་གྲོས་མོལ་ཡིན་ཡང་། པ་ཀི་སི་ཐན་གཞུང་འབྲེལ་གྱི་ཐོག་ནས་ཕྱོགས་ལྷུང་མེད་པའི་བར་གནས་ཀྱི་རྒྱལ་ཁབ་གཅིག་ཡིན་པས། གཞུང་གིས་འཚོང་གི་མེད་ཚུལ་བརྗོད་ཡོད་ཀྱང་། ལྐོག་ནས་གོ་མཚོན་མདེའུ་དང་། ལྕགས་ཁྲབ་འཁོར་ལོ་ལ་སོགས་པའི་གོ་མཚོན་དོ་པོ་༢༣༠ ཡུག་རེན་ལ་བཙོངས་ཡོད་པ་གསར་འགྱུར་ནང་ཐོན་འདུག གོ་མཚོན་བཙོངས་པ་རྣམས་ཐད་ཀར་ཡུག་རེན་ལ་མ་བཏང་བར་གོ་མཚོན་འགའ་ཤས་དབྱིན་ཡུལ་བརྒྱུད་ནས་གཏོང་རྒྱུ་ཡིན་པ་དང་། ཡང་འགའ་ཤས་འཇར་མན་བརྒྱུད་ནས་ཡུག་རེན་ལ་གཏོང་རྒྱུ་ཡིན་འདུག
ཡུག་རེན་ལ་ཨུ་རུ་སུས་བཙན་འཛུལ་མ་བྱས་གོང་པ་ཀི་སི་ཐན་གྱི་བདེ་སྲུང་ཆེད་དུ་ཡུག་རེན་གྱིས་པ་ཀི་སི་ཐན་ལ་ཨ་སྒོར་ཐེར་འབུམ་༡་༦ གོ་མཚོན་བཙོངས་ཡོད་འདུག ད་ལྟ་ཡུག་རེན་ཨུ་རུ་སུས་བཙན་འཛུལ་བྱེད་བཞིན་པར་བརྟེན། པ་ཀི་སི་ཐན་ནས་གོ་མཚོན་ཉོ་དགོས་འབྱུང་བཞིན་ཡོད་འདུག བྱང་ཆིངས་སྒྲིག་འཛུགས་ཀྱིས་གོ་མཚོན་དེ་དག་གི་ཆེད་དངུལ་གྱི་རོགས་སྐྱོར་སྤྲོད་ཀྱི་ཡོད་འདུག པ་ཀི་སི་ཐན་ལྟ་བུར་མཚོན་ན་ནུབ་ཕྱོགས་རྒྱལ་ཁབ་ལས་ཨུ་རུ་སུ་དང་ལྷན་དུ་ནམ་ཡང་འབྲེལ་ལམ་ཡག་པོ་ཞིག་བྱུང་མྱོང་མེད་ཚུལ་བརྗོད་འདུག་ལ། ད་ཆར་པ་ཀི་སི་ཐན་ལྟ་བུར་མཚོན་ན་རྒྱལ་ཁབ་གྱི་དཔལ་འབྱོར་ཉམས་རྒུད་ཆེན་པོ་ཕྱིན་པའི་རྐྱེན་གྱིས་རྒྱལ་ཁབ་ནང་ཆབ་སྲིད་བརྟན་བརླིང་མེད་པ་དང་། མི་མང་ཁྲོད་རྩོད་རྙོག་མང་བ། དྲག་སྤྱོད་པས་གཏོར་རྒོལ་མང་བ་སོགས་ཀྱིས་རྒྱལ་ཁབ་ཉེན་ཁའི་གནས་སུ་ལྷུང་བཞིན་པའི་སྐབས་འདིར། པ་ཀི་སི་ཐན་བར་གནས་ཀྱི་རྒྱལ་ཁབ་བྱས་ནས་སྡོད་རྒྱུ་ཁག་པོ་ཡིན་པ་དང་། བར་གནས་ཀྱི་རྒྱལ་ཁབ་བྱས་ནས་སྡོད་པ་ལ་རྒྱལ་ཁབ་རང་ཉིད་ཀྱི་དཔལ་འབྱོར་དང་། དམག་དཔུང་། ཆབ་སྲིད་སོགས་རང་རྐྱ་འཕེལ་བ་ཞིག་་དགོས་པ་ལས་པ་ཀི་སི་ཐན་ལྟ་བུ་ཕྱོགས་གང་ལ་ཡང་མ་བརྟེན་ནས་བར་གནས་རྒྱལ་ཁབ་བྱས་ནས་སྡོད་ཐུབ་རྒྱུ་ཁག་པོ་ཡིན་འདུག དེ་བཞིན་གཞུང་འབྲེལ་ཐོག་ནས་ཨུ་རུ་སུ་ལ་བསྟུན་དགོས་ཁེལ་གྱི་ཡོད་པ་དང་། རྒྱུ་མཚན་ནི་པ་ཀི་སི་ཐན་གྱིས་ཨུ་རུ་སུ་ནས་སྣུམ་གོང་ཚད་ཆུང་ཆུང་ཐོག་ནས་ཉོ་གི་ཡོད་འདུག མདོར་ན་ད་ཆར་པ་ཀི་སི་ཐན་གཞུང་གིས་རྒྱལ་ཁབ་ཀྱི་མངོན་འདོད་ཆེད་དུ་ཡུག་རེན་ལ་གོ་མཚོན་འཚོང་གི་མེད་ཚུལ་རྗོད་ཀྱི་ཡོད་ཀྱང་། ལྐོག་ནས་ཡུག་རེན་ལ་གོ་མཚོན་འཚོང་གི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
