“པ་དང་པར། བ་དང་བར།” ཁྱད་པར་ཅི་ཡོད།

མི་མང་པོ་ཞིག་འདི་དག་ལ་འཁྲུལ་ནས་གང་བྲི་དགོས་མིན་ཐག་མི་ཆོད་པའི་དཀའ་ངལ་ཡོད་པ་དངོས་བདེན་རེད། དེས་ན་འདི་རིགས་སྟབས་བདེར་ཤེས་པའི་ཐབས་འགའ་བཤད་པར་བྱ།

༡༽ ར་སྒྲ་དེ་རིགས་མིང་རྐྱང་དང་ལ་དོན་གང་ཡིན་བརྟག་དགོས།
སྤྱིར་རང་རེའི་མིང་རྐྱང་གི་མཐར་རྗེས་འཇུག་ར་ཅན་དཔེར་ན། སྔོ་སེར། ཤར། མར། སོགས་མང་པོ་ཡོད་མོད། དེ་དག་ནི་མིང་རྐྱང་དུ་ངེས་སླ་ཞིང་། སུ་ཡང་དེ་ཉིད་ལ་དོན་ཨེ་ཡིན་སྙམ་དུ་དོགས་མཁན་མེད་པས། འདིར་བཤད་མི་དགོས། འོན་ཀྱང་དོགས་གཞི་དང་འཁྲུལ་གཞི་ཆེ་ཤོས་ནི། ༼པར་དང་བར་༽ཞེས་པའི་འབྲུ་འདི་དག་རེད། དེས་ན། པར་ཞེས་པ་མིང་རྐྱང་ལ་འཇུག་པ་ནི་པར་སྐྲུན། པར་ཆས། པར་ཤིང་། ཞེས་པ་ལྟ་བུ་སྟེ། འདི་ལ་རྟག་ཏུ་ར་སྒྲ་དགོས་ངེས་ཡིན། དེ་བཞིན་བར་མ། དེ་བར་དུའམ་དེ་བར། ཞེས་པ་ཡིན་ན་ར་སྒྲ་ངེས་པར་དགོས་པས། དོན་དེ་དག་ལ་འཇུག་མིན་ནི་ཚིག་གོང་འོག་ལ་བརྟགས་ནས་ཤེས་དགོས་ཤིང་། རང་གིས་བྲིས་ཚེའང་དེ་ལ་བསམ་དགོས། དེ་མིན་བུམ་པ། ཤེས་པ། རྟག་པ། ཀ་བ། ཤ་བ། ར་བ་ཞེས་སོགས་པ་བའི་མཐའ་ཅན་གྱི་མིང་རྐྱང་ཕལ་མོ་ཆེ་ལ་ར་མཐའ་མེད་པས། བུམ་པ་ཡོད། ཀ་བ་མཐོང་། ཡོད་པ་ཡིན། མེད་པ་ཡིན། སྲིད་པ་ཡིན། ཤེས་པ་མིན། གྲུབ་པ་རེད། ལྟ་བུ་ལ་ར་སྒྲ་མི་དགོས།
༢༽ ལ་དོན་འཇུག་ཡུལ་གང་ཡིན་དང་འཇུག་ཚུལ་བརྟག་དགོས།
ར་སྒྲ་འགའ་རེ་ནི་ལ་དོན་ལའང་འཇུག་སྟེ། དཔེར་ན། རྣམ་དབྱེ་གཉིས་པ་ལ་འཇུག་པ། བུམ་པར་ཆུ་བླུག ། ལྟ་བུ་དང་། བཞི་པ་ལ་འཇུག་པ། བུ་ལྷག་པར་རྔན་པ་ཉོ། བདུན་པ་ལ་འཇུག་པ། ཀ་བར་ཀ་རྒྱན་འདུག ཚེ་སྐབས་ལ་འཇུག་པ། ཉིན་བཅུ་པར་འགོ་བཙུགས། དེ་ཉིད་ལ་འཇུག་པ། རྟག་པར་གྲུབ། ལྟ་བུ་སྟེ་འདི་དག་གི་པ་དང་བ་གཉིས་ལ་ནི་ར་སྒྲ་ངེས་པར་བྲི་དགོས། དེ་མིན་པ་བ་གཉིས་ལ་ར་སྒྲ་བྲི་མི་དགོས་པ་སྤྱིར་བཏང་ཡིན། དམིགས་བསལ་འགའ་ཡོད་པ་ནི། ཁྱད་པར། ལྷག་པར། ངེས་པར། རྣམ་པར། ཞེས་པ་རྣམས་ལ་ར་སྒྲ་མིང་རྐྱང་ཚུལ་དུ་འབྲི་སྲོལ་ཡོངས་ཁྱབ་ཏུ་སོང་ཟིན་པ་ཡིན། འདིའང་དྲང་པོ་བཤད་ན། ཁྱད་པར་དུ། ལྷག་པར་དུ། ངེས་པར་དུ། ཞེས་པ་གསུམ་ནི་མ་དག་རྒྱུན་འབྱམས་སུ་སོང་ནས་དེང་སང་དག་པར་གྱུར། འགྲིག་པར་བརྩི། འབྲི་སྲོལ་ཡང་དག་ཆགས་པ་ཡིན་ནོ། ། རྣམ་པར་ཞེས་པ་ནི་ལེགས་སྦྱར་ནས་བསྒྱུར་བའི་མི་ཟད་པའི་ཚིག་སྟེ། རབ་ཏུ། ཤིན་ཏུ། ཡོངས་སུ། རྣམ་པར། ཀུན་ཏུ། ཡང་དག་པར། ཞེས་སོགས་དང་འདྲ་ཞིང་། བྱ་ཚིག་གི་ངང་ཚུལ་ཆེ་ཆུང་དྲག་ཞན་སོགས་སྟོན་བྱེད་ཡིན་པས། ལ་དོན་ངེས་པར་དགོས་ཏེ། དཔེར་ན། རྣམ་པར་རྟོག་པ། རྣམ་པར་བཤད་པ། ཞེས་པ་ལྟ་བུའོ། །  དེ་འབྲེལ་གྱི། ཅིག་ཅར། ཅིག་ཆར། ཞེས་སོགས་ཀྱང་མ་དག་པ་དག་པར་གྱུར། གཞན་ཡང་། གཉིས་ཀར་དུ། གཉིས་ཀར་གྱིས་ཞེས་པའང་མང་དུ་འབྲི་ཡང་དེ་ནི་ཡོངས་གྲགས་མ་དག་པར་བརྩི། དེ་ལ་སོགས་པ་ཁྱད་པར་ཕྲ་མོ་མང་ཡང་མཐའ་དག་པར་བརྗོད་ཀྱིས་མི་ལང་ངོ་། །

༣༽ བྱ་ཚིག་དང་འབྲེལ་བའི་ར་སྒྲ་དེ་དེ་ཉིད་ཡིན་མིན་བརྟག་དགོས།
བྱ་ཚིག་གི་མཐར་སྦྱར་བའི་པ་དང་བ་ལ་ར་སྒྲ་ཡོད་པ་དཔེར་ན།  མཐོང་བར་གྱུར། སེམས་འགོང་བར་འགྱུར། ཤེས་པར་འགྱུར། དཔག་པར་དཀའ། བསམ་པར་དཀའ། ཞེས་སོགས་ནི་ལ་དོན་དེ་ཉིད་ལ་འཇུག་པ་ཡིན་ཞིང་། གཞན་ཡང་། གཞི་ཞིག་ཡིན་མིན་དང་། ངོ་བོར་གྲུབ་མ་གྲུབ་སོགས་སྟོན་པ་ན། མིང་རྐྱང་གི་མཐའ་འམ། བྱ་ཚིག་གི་ཐོག་མཐའ་གང་རུང་དུ་ར་སྒྲ་ཐོབ་པ་དཔེར་ན། ཚད་མར་གྱུར། མིར་ཆགས། འགྲོ་བར་བརྩེ། རྟོག་པར་འགྲུབ། སར་གྱུར། རྟོགས་པར་གྱུར། རགས་པ་སྣང་བར་བྱེད། རགས་པར་སྣང་བར་བྱེད། (འདི་གཉིས་གོ་བ་གཏན་ནས་མི་འདྲ) ཅེས་སོགས་ལྟ་བུ་ནི་ལ་དོན་ཡིན་པར་ཤེས་དགོས།

༤༽ ར་སྒྲ་སྡུད་པ་ལ་འཇུག་པ།
ར་སྒྲ་སྡུད་པ་ལའང་འཇུག་པ་དཔེར་ན། སྐལ་པར་ལྡན། ལྷར་བཅས། ཞེས་པ་ལྟ་བུ་སྟེ། སྐལ་པ་དང་ལྡན། ལྷ་དང་བཅས། ཞེས་པའི་དོན་ནོ། །

༥༽ དེའི་སྒོ་ནས་ཞེས་པ་དང་དོན་གཅིག་ཏུ་འཇུག་པ།
དཔེར་ན། འགྱོད་པ་མེད་པར་ཚེའི་དུས་བྱས། ལྟ་བུ་སྟེ་དོན་ནི། འགྱོད་པ་མེད་པའི་སྒོ་ནས་ཚེའི་དུས་བྱས་ཞེས་པའོ། །

༦༽ དེའི་ཁར་ཞེས་པ་དང་འདྲ་བར་འཇུག་པ།
དཔེར་ན། རྐང་པ་ཆག་ན་འགྲོ་མི་ནུས་པར། བསྡད་དགོས་འོང་། ཞེས་པ་སྟེ། རྐང་པ་ཆག་ན་འགྲོ་མི་ནུས་པའི་ཁར་བསྡད་དགོས་འོང་། ཞེས་པ་ལྟ་བུ་སྟེ། དེ་དང་དེ་ལ་སོགས་པ་རྒྱ་ཆེར་ཤེས་པར་བྱའོ། །

འདི་ནི་སེར་བྱེས་ལྷ་རམས་འཛིན་གྲྭར་གཏོགས་པ་ཏྲེ་ཧོར་མཁར་སྒང་བསོད་ནམས་དབང་ལྡན་ནམ། རིགས་པའི་སྨྱུ་གུས་ ༢༠༡༧-༧-༡༨ རེས་གཟའ་མིག་དམར་མཚན་མོར་བྲིས་པ་དགེ་བར་གྱུར་ཅིག །

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||