པཎ་ཆེན་སྐུ་ཕྲེང་༡༡ པ་སྐུ་འཚོ་བཞུགས་ཡིན་པའི་ཁུངས་ལྡན་གྱི་གནས་ཚུལ་ཐོས་བྱུང་ཞེས་བཀའ་བསྩལ་འདུག

༧གོང་ས་མཆོག་གིས་གྷ་གྷལ་གནམ་ཐང་དུ་གསར་འགོད་པ་ཞིག་གི་དྲི་བར་ལན་འདེབས་སྐབས། པཎ་ཆེན་སྐུ་ཕྲེང་༡༡ པ་སྐུ་འཚོ་བཞུགས་ཡིན་པའི་ཁུངས་ལྡན་གྱི་གནས་ཚུལ་ཐོས་བྱུང་བའི་བཀའ་བསྩལ་འདུག

ཟླ་འདིའི་ཕྱི་ཚེས་༢༥ ཡི་ཉིན་གུང་ཆུ་ཚོད་༡༡ དང་སྐར་མ་༣༠ ཡས་མས་སུ་༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁུལ་གྱི་མཛད་འཕྲིན་ཁག་ཅིག་བསྐྱངས་གྲུབ་ནས། གྷ་གྷལ་གནམ་ཐང་བརྒྱུད་བཞུགས་སྒར་དྷ་སར་ཞབས་སོར་འཁོད་ཡོད་པ་དང་། གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་སོགས་ཕེབས་བསུར་བཅར་ཡོད་པ་རེད།

ཐོག་མར་༧གོང་ས་མཆོག་ལྡི་ལི་ནས་གྷ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་པ་དང་། གསར་འགོད་པ་ཞིག་གིས་ཕྱི་ལོ་ལྟར་ན་དེ་རིང་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་མོ་ཡིན་པ་དང་སྟབས་བསྟུན་ཏེ། དེ་འབྲེལ་གྱི་བཀའ་འདྲི་ཞུས་པར་ལན་དུ།“ད་ལྟ་འདི་ཨོ་ཙམ་རྩོད་རྙོག་ཅན་རེད། གཞུང་འབྲེལ་གྱི་པཎ་ཆེན་བླ་མ་ཞིག་དང་། ང་རང་ཚོའི་ལམ་སྲོལ་ལྟར་ངོས་ཀྱིས་ངོས་འཛིན་ཞུས་པའི་པཎ་ཆེན་བླ་མ་གཞན་ཞིག་བཅས་གཉིས་ཡོད་རེད། དེར་བརྟེན་ངའི་རེ་བར་གཞུང་འབྲེལ་གྱི་པཎ་ཆེན་བླ་མས་དགེ་བའི་བཤེས་གཉེན་བཟང་པོ་ཞིག་གི་ལམ་སྟོན་འོག་ནས་སློབ་གཉེར་གང་ལ་གང་འཚམ་ཡག་པོ་བྱེད་ཀྱི་ཡོད་ས་རེད། ངོས་ཀྱིས་ངོས་འཛིན་ཞུས་པའི་པཎ་ཆེན་བླ་མ་དེའི་སྐོར་ལ་ཏོག་ཙམ་སྔོན་དུ་གནས་ཚུལ་གང་གོ་རྒྱུ་ཡོད་མ་རེད། གོ་ཐོས་མེད་པ་གྱུར་སོང་བ་རེད། འོན་ཀྱང་། དེ་ཕྱིས་སུ་ཁུངས་ལྡན་གྱི་གནས་ཚུལ་ལྟར་ན་ཁོང་ད་ལྟ་ཡང་སྐུ་འཚོ་བཞུགས་ཡིན་པ་རེད་འདུག ངོས་ཀྱི་བསམ་པར་སྤྱིར་བཏང་གི་སློབ་གཉེར་བྱེད་ཀྱི་ཡོད་ས་རེད། སྲོལ་རྒྱུན་གྱི་ལམ་ལུགས་ཐོག་ནས་དུས་རབས་གཅིག་གི་གོང་དུ་ཧ་ཅང་སྙན་གྲགས་ཅན་གྱི་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་ཡང་སྤྲུལ་ལྔ་ཡོད་རེད། ས་བོན་འདྲ་པོ་གཅིག་ལ་རྣམ་སྤྲུལ་མང་པོ་ཡོང་ཆོག་གི་རེད་”ཅེས་བཀའ་བསྩལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༥ ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༩ བཞེས་པའི་ཉིན་མོ་དང་བསྟུན་ཏེ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་བརྙན་ཐུང་ཞིག་འདོན་སྤེལ་གནང་སྟེ། དེའི་ནང་རྒྱལ་སྤྱིའི་སྐད་རིགས་མི་འདྲ་བ་ ༢༩ ཐོག་ནས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༩ བཞེས་པར་འཚམས་འདྲི་དང་སྦྲགས་རྒྱ་ནག་གཞུང་ལ་ཁོང་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་ཡང་བཏོན་ཡོད་འདུག་པ་དང་། དེ་བཞིན་དྷ་ས་ནས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཀྱང་ལས་འགུལ་སྤེལ་སོང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།