པཱ་ཀི་སི་ཐན་དུ་འབར་རྫས་ཀྱི་དོན་རྐྱེན་འོག་མི་༧༠ ལྷག་གི་ཚེ་སྲོག་ཤོར།
པཱ་ཀི་སི་ཐན་ནང་དུ་འཇིག་སྐུལ་རིང་ལུགས་པའི་འབར་རྫས་ཀྱི་བྱ་སྤྱོད་སྤེལ་ནས་མི་༧༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག་པའི་ནང་ཕྲུ་གུ་༢༩ ཡོད་པ་དང། མི་༣༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༧ ཉིན་གྱི་ཕྱི་དྲོ་པཱ་ཀི་སི་ཐན་གྱི་རྒྱལ་ས་ལཱ་ཧོར་གྱི་སྐྱེད་ཚལ་ཞིག་ཏུ། རང་སྲོག་བློས་གཏོང་བྱེད་མཁན་ཞིག་གིས་འབར་རྫས་གཏོར་ནས་མི་གསོད་ཁྲག་སྦྱོར་ཆེན་པོ་བྱུང་ཡོད་པ་དང། དེ་ནི་སྔོན་མ་ཏ་ལི་བྷན་འཇིག་སྐུལ་ཚོགས་པ་ལས་ཁ་བྲལ་སོང་བའི་ཇ་མཌེ་ཨུལ་ཨ་ཧར་ཞེས་པའི་འཇིག་སྐུལ་ཚོགས་པ་ཡིན་སྐོར་ཚོགས་པ་དེའི་ངོ་ཚབ་པས་འགྲེལ་བརྗོད་བྱས་ཡོད་འདུག ཁོས་སྐྱེད་ཚལ་དེའི་ནང་དུ་ཡེ་ཤུ་བ་ཚོར་དམིགས་སུ་བཟུང་བ་ཡིན་པ་དང། པཱ་ཀི་སི་ཐན་གྱི་སྲིད་འཛིན་ལ་མ་འོངས་པར་གཏོར་རྒོལ་མུ་མཐུད་ཡོང་རྒྱུ་ཡིན་པའི་ཉེན་བརྡ་གཏོང་ཆེད་ཡིན་སྐོར་བརྗོད་ཡོད་འདུག
ཉིན་དེར་སྐྱེད་མོས་ཚལ་དུ་ཚོང་འདུས་ཤིག་འཚོག་བཞིན་ཡོད་པ་དང། པཱ་ཀི་སི་ཐན་གྱི་ཡེ་ཤུ་གྲངས་ཉུང་མི་རིགས་རྣམ་ཡེ་ཤུ་བསྐྱར་གསོའི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད་འདུག འབར་གས་ཁྲོད་ཕྲུ་གུ་དང་བུད་མེད་མང་པོའི་ཚེ་སྲོག་ཤོར་ཡོད་ཁར། འབྲེལ་ཡོད་ལས་བྱེད་ཀྱིས་ཚེ་སྲོག་ཤོར་བའི་མིའི་ཁ་གྲངས་མང་དུ་འགྲོ་སྲིད་སྐོར་འགྲེལ་བརྗོད་བྱས་འདུག
པཱ་ཀི་སི་ཐན་ནང་དུ་ཡེ་ཤུ་བའི་མི་གྲངས་དེ་ཁྱོན་མི་འབོར་གྱི་བརྒྱ་ཆའི་ནང་བརྒྱ་ཆ་༡.༦ ཡོད་ པ་དང། ཉེ་བའི་ཆར་ཡེ་ཤུའི་ཆོས་ཁང་དང་ཡེ་ཤུའི་གྲོང་གསེབ་ལ་གཏོར་རྒོལ་བྱས་པའི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།