པཱོ་ལན་ཌ་མི་མང་གིས་ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་འདུག
ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ནས་སྟོབས་ཆེན་རྒྱལ་ཁབ་དབྱིན་ཡུལ་ཡོངས་སུ་ཕྱིར་འཐེན་བྱས་ཟིན་ཡོད་པ་དང་བསྟུན། ཚོགས་མི་རྒྱལ་ཁབ་པཱོ་ལན་ཌའི་རྩ་ཁྲིམས་ཀྱི་ཁྲིམས་ཁང་གིས་ཡུ་རོབ་མཐུན་ཚོགས་ཀྱི་ཁྲིམས་ཁག་ཅིག་པཱོ་ལན་ཌའི་རྩ་ཁྲིམས་དང་འགལ་གྱི་ཡོད་པའི་ཐག་གཅོད་བྱས་རྐྱེན། མི་མང་གིས་རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་སྲིད་པའི་སེམས་འཚབ་སྐྱེས་ནས། མཐུན་ཚོགས་ལ་རྒྱབ་སྐྱོར་དང་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཆེན་མོ་སྤེལ་འདུག
ཟླ་༡༠ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་པཱོ་ལན་ཌའི་རྩ་ཁྲིམས་ཀྱི་ཁྲིམས་ཁང་གིས། ཡུ་རོབ་མཐུན་ཚོགས་ཀྱི་ཁྲིམས་ཁག་ཅིག་པཱོ་ལན་ཌའི་རྩ་ཁྲིམས་དང་མཐུན་གྱི་མེད་པའི་ཐག་གཅོད་བྱས་ནས། ཡུ་རོབ་མཐུན་ཚོགས་ལ་པཱོ་ལན་ཌའི་ཁྲིམས་ཞིབ་ལས་དོན་ལ་ཐེ་བྱུས་བྱེད་མི་རུང་བའི་ཉེན་བརྡ་བཏང་ཡོད་འདུག དེ་ཡང་རྒྱལ་ཁབ་དེའི་གཞུང་འཛིན་སྲིད་དོན་ཚོགས་པ་དང་ཡུ་རོབ་མཐུན་ཚོགས་བར། ལོ་ངོ་དྲུག་གི་རིང་འགལ་ཟླའི་གནད་དོན་བསྟུད་མར་ལྷག་ཡོད་ཁར། སྲིད་དོན་ཚོགས་པ་དེའི་གནད་ཡོད་མི་སྣ་ཚོས་པཱོ་ལན་ཌ་ཡང་དབྱིན་ཡུལ་ལྟར་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་འདོད་ཡོད་པའི་སྐད་ཆ་དང་རྣམ་པ་བསྟན་ཡོད་འདུག
པཱོ་ལན་ཌ་རྒྱལ་ཁབ་དེ་དམར་ཤོག་རིང་ལུགས་ཀྱི་དབང་སྒྱུར་ནས་ཕྱི་ལོ་༡༩༨༩ ལོར་ཐར་རྗེས། འགུལ་བཞུད་དང་དཔལ་འབྱོར་གྱི་རང་དབང་ཆེན་པོ་ཐོབ་ཡོད་འདུག་པས། ད་ལྟའི་ཆར་གཞུང་འཛིན་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་དང་མི་བྱེད་མཁན་གྱི་མི་མང་གཉིས་ཀའི་ཁྲོད་དུ། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མིར་མུ་མཐུད་གནས་རྒྱུ་དེ་གལ་ཆེན་འཛིན་གྱི་ཡོད་འདུག
རྩ་ཁྲིམས་ཀྱི་ཁྲིམས་ཁང་ནང་དུ་གཞུང་འཛིན་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲིམས་དཔོན་མང་བ་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཁང་གིས་ཁྲིམས་དཔོན་དེ་དག་ཁོངས་ནས་གཅིག་ནི་ཁྲིམས་འགལ་ཐོག་ནས་བསྐོ་གཞག་བྱས་ཡོད་སྐོར་བརྗོད་འདུག
ཉེ་ཆར་རྩ་ཁྲིམས་ཀྱི་ཁྲིམས་ཁང་གི་ཐག་གཅོད་དེ་ལ་བརྟེན་ནས། མི་མང་ནང་གཞུང་འཛིན་སྲིད་དོན་ཚོགས་པས་པཱོ་ལན་ཌ་དེ་ཉིད་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལམ་ཁ་བཟོ་བཞིན་ཡོད་པའི་སེམས་འཚབ་སྐྱེས་ནས། ཚེས་༡༠ ཉིན་རྒྱལ་ཁབ་དེའི་གྲོང་ཁྱེར་དང་གྲོང་སྡེ་༡༠༠ ལས་མང་བའི་ནང་དུ་མི་མང་ཚོས་གཞུང་ལ་ངོ་རྒོལ་དང་། ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་དུ་ལས་འགུལ་ཆེན་མོ་སྤེལ་འདུག རྒྱལ་ས་ཝར་སོ་ནང་དུ་མི་མང་འབུམ་གཅིག་ལྷག་གིས་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱས་འདུག
ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས་ཀྱང་ལས་འགུལ་དེ་དག་ལ་མཉམ་ཞུགས་བྱས་འདུག་པ་དང་། ལས་འགུལ་སྐབས་སུ་མི་མང་གིས་ཡུ་རོབ་མཐུན་ཚོགས་ནང་དུ་མུ་མཐུད་གནས་འདོད་ཡོད་པའི་འབོད་ཚིག་ལྡན་པའི་སྦྱར་ཡིག་དང་འཕྲེད་དར་སོགས་འཁྱེར་ཡོད་འདུག
རྒྱལ་ཁབ་དེའི་སྲིད་བློན་གྱིས་ཐོག་མར་རྩ་ཁྲིམས་ཀྱི་ཁྲིམས་ཁང་གི་ཐག་གཅོད་དེར་དགའ་བསུ་ཞུས་ཡོད་འདུག ངོ་རྒོལ་ལས་འགུལ་དང་འབྲེལ་ནས་ཁོང་གིས་པཱོ་ལན་ཌ་དེ་ཉིད་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་འཆར་གཞི་གང་ཡང་མེད་སྐོར་བརྗོད་འདུག འོན་ཀྱང་གཞུང་འཛིན་སྲིད་དོན་ཚོགས་པའི་ཁོངས་ནས་རྒྱལ་ཁབ་དེ་མུ་མཐུད་ནས་ཡུ་རོབ་མཐུན་ཚོགས་ནང་གནས་མིན་ཐོག མང་མོས་འོས་བསྡུ་ཐག་གཅོད་གོ་སྒྲིག་བྱེད་པའི་དགོས་འདུན་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
