པེ་ཅིང་གི་དྲུག་བཞིའི་དུས་དྲན་ལ་༧གོང་ས་མཆོག་གསུང་འཕྲིན།
རྒྱ་ནག་པེ་ཅིང་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་ཉིན་༸གོང་ས་མཆོག་གིས་རྒྱ་རིགས་ཚོར་དུས་དྲན་དང་འབྲེལ་བའི་གསུང་འཕྲིན་བསྩལ་ཡོད་པ་རེད།
རྒྱ་ནག་པེ་ཅིང་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་དུས་དྲན་འཁེལ་བཞིན་པའི་སྐབས་འདིར། ༸གོང་ས་མཆོག་གིས་རྒྱ་རིགས་རྣམས་ལ་དུས་དྲན་དང་འབྲེལ་བའི་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད།
གསུང་འཕྲིན་ནང་འཁོད་དོན། དེ་རིང་ནི་ཕྱི་ལོ་ ༡༩༨༩ ཕྱི་ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་ ༢༥ ཧྲིལ་པོ་འཁོར་བའི་ཉིན་མོ་ཡིན་པར་བརྟེན། རྒྱ་རིགས་གཅེན་གཅུང་རྣམས་ཀྱིས་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན། ངོས་ཀྱིས་དྲུག་བཞིའི་དོན་རྐྱེན་འོག་རང་དབང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཆེད་ཚེ་སྲོག་ཤོར་བ་རྣམས་ལ་སྨོན་ལམ་རྒྱག་རྒྱུ་ཡིན། རིན་ཐང་དེ་དག་ནི་རང་དབང་དང་ནུས་པ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་རྨང་གཞི་ཆགས་ཡོད་པ་མ་ཟད། སྤྱི་ཚོགས་ནང་དོན་དམ་གྱི་ཞི་བདེ་བརྟན་ལྷིང་ཡོང་རྒྱུའི་རྐྱེན་རྩ་གཙོ་བོ་ཞིག་ཀྱང་ཆགས་ཡོད། རྒྱ་ནག་གོ་ལའི་དཔལ་འབྱོར་ལམ་ལུགས་ནང་ཚུད་རྒྱུའི་འབད་བརྩོན་བྱས་པ་དེར་གྲུབ་འབྲས་ཧ་ཅང་ཡག་པོ་ཐོན་ཡོད་ཀྱང་། ད་ཆ་འཛམ་གླིང་སྤྱི་ཡོངས་ཀྱི་མང་གཙོའི་ལམ་ལུགས་ཐོག་རྒྱ་ནག་འགྲོ་ཐུབ་ཆེད་སྐུལ་དེད་གཏོང་རྒྱུ་དེ་མཚུངས་གལ་ཆེན་པོ་ཡིན་པར་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད། དེ་ལྟར་བྱུང་ཚེ་རྒྱ་ནག་ལ་འཛམ་བུ་གླིང་གིས་ཡིད་ཆེས་དང་གུས་བཀུར་ཐོབ་རྒྱུར་ཕན་ཐོགས་ཡོང་རྒྱུ་དང་། རྒྱལ་སྤྱིའི་གནད་དོན་ཐོག་རྒྱ་ནག་གིས་སྣེ་འཁྲིད་ཐུབ་པ་ཞིག་ཡོང་རྒྱུ་རེད།
གནས་ཚུལ་ཡོང་ཁུངས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།