པེ་ཅིང་ཨ་རིའི་གཞུང་ཚབ་ཁང་གི་ཕྱི་ལོགས་སུ་འབར་གས་ཀྱི་གནད་དོན་ལྷག་འདུག
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ཕྱི་ལོགས་སུ། མི་ཞིག་གིས་འབར་རྫས་སྤར་ཡོད་འདུག་པ་དང་། མི་གཞན་གྱི་ཚེ་སྲོག་ལ་གནོད་སྐྱོན་མ་བྱུང་བར། མི་དེ་འཛིན་བཟུང་བྱས་ཟིན་ཡོད་འདུག
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༧ པའི་ཚེས་༢༦ ཉིན་གྱི་ཉིན་གུང་ཆུ་ཚོད་དང་པོ་ཙམ་ལ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ཕྱི་ལོགས་སུ། རྒྱུན་དུ་ཐོངས་ཆན་ཞུ་མཁན་རྣམས་བང་སྒྲིག་ཡུལ་གྱི་ཉེ་འགྲམ་དུ། མི་ཞིག་གིས་འབར་རྫས་ནུས་པ་ཆུང་བ་ཞིག་སྤར་ཡོད་པ་དང་། སྐབས་དེར་མི་གཞན་གྱི་ཚེ་སྲོག་ལ་གནོད་མ་བྱུང་བར་རང་གི་ལག་པ་རྨས་ཡོད་འདུག
ཉེན་རྟོག་པས་བརྗོད་དོན་ལྟར་ན། མི་དེ་ལམ་སེང་འཛིན་བཟུང་བྱས་ཏེ་སྨན་ཁང་དུ་སྨན་བཅོས་བྱེད་པར་ཁྲིད་ཡོད་པ་དང་། ཁོའི་སྲོག་ལ་ཉེན་ཚབས་ཆེ་བའི་རྨས་སྐྱོན་བྱུང་མེད་འདུག དེ་བཞིན་ཉེན་རྟོག་པས་མི་དེ་ནི་རང་ལོ་༢༦ ཡིན་པ་དང་། རུས་མིང་ཇེང་ཡིན་ཁར་ནང་སོག་ནས་ཡིན་སྐོར་བརྗོད་འདུག་ཀྱང་། མི་དེའི་ངོས་འཛིན་དང་ཁོའི་དམིགས་ཡུལ་ཐོག་ལ་གང་ཡང་བསྒྲགས་མེད་ཁར། རྒྱ་ནག་གི་དྲ་རྒྱ་སྟངས་འཛིན་གྱི་ལས་འགུལ་མྱུར་དུ་སྤེལ་ནས། དྲ་ཐོག་ཏུ་ཨ་རིའི་གཞུང་ཚབ་ཁང་ཞེས་འཚོལ་ཞིབ་བྱེད་སྐབས། གནས་ཚུལ་དེ་ཐོན་རྒྱུ་མེད་པ་བཟོས་ཟིན་འདུག
བྷི་བྷི་སི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འབར་གས་ཀྱི་གནད་དོན་མ་ལྷག་པའི་སྔོན་དུ། སྔ་དྲོའི་ཆུ་ཚོད་༡༡ ཙམ་ལ་བུད་མེད་ཅིག་གིས། ཨ་རིའི་གཞུང་ཚབ་ཁང་གི་ཉེ་འགྲམ་དུ་རང་ལུས་མེར་སྲེག་ཐབས་བྱས་སྐབས། ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་བཙན་ཁྲིད་བྱས་པའི་གནས་ཚུལ་ལྷག་ཡོད་པ་དང་། གནད་དོན་དེ་གཉིས་ཕན་ཚུན་བར་འབྲེལ་བ་ཡོད་མེད་ཤེས་ཚོད་དཀའ་བ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།