པོ་ལན་ཌེ་ཡིས་དམག་ཆེན་གཉིས་པའི་ལོ་རྒྱུས་དང་འབྲེལ་བའི་ཁྲིམས་གསར་བཟོ་བྱ་རྒྱུ།
ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌིའི་གྲོས་ཚོགས་ཀྱིས། དམག་ཆེན་གཉིས་པའི་སྐབས་རྒྱལ་ཁབ་དེའི་ནང་འཇར་མན་གྱིས་ཇིའུ་མི་རིགས་ཕོན་ཆེན་བསད་པའི་ནག་ཉེས་དང་པོ་ལན་ཌི་ལ་འབྲེལ་བ་ཡོད་པ་བཟོ་མི་ཆོག་པའི་ཁྲིམས་འཆར་ཞིག་ལ་མང་མོས་རྒྱབ་སྐྱོར་ཐོབ་པ་དང་། དེ་ལ་ཨཱི་ཛེ་རིལ་གྱིས་སྐྱོན་བརྗོད་བྱས་འདུག
ཟླ་༢ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། པོ་ལན་ཌེའི་གྲོས་ཚོགས་གོང་མའི་ནང་། དམག་ཆེན་གཉིས་པའི་སྐབས་འཇར་མན་གྱིས་པོ་ལན་ཌེར་བཙན་འཛུལ་བྱས་ཏེ། ཇིའུ་མི་རིགས་གྲང་འབོར་ཆེན་པོ་དམར་གསོད་བཏང་ཡོད་པའི་ནག་ཉེས་དེར་པོ་ལན་ཌིས་ངན་འབྲེལ་བྱས་ཡོད་པ་ཉེས་འཛུགས་བྱེད་མི་ཆོག་པ་དང་། དུས་སྐབས་དེར་པོ་ལན་ཌིའི་ནང་འཇར་མན་གྱིས་བཙུགས་པའི་དམར་གསོད་བཙོན་སྒར་རྣམས་པོ་ལན་ཌའི་དམར་གསོད་བཙོན་སྒར་བརྗོད་མི་ཆོག་པ་དང་། དེ་ལྟར་བྱས་ཚེ་ཆད་པ་གཅོད་རྒྱུའམ་བཙོན་འཇུག་གི་དུས་ཡུན་མང་ཤོས་ལོ་གསུམ་གྱི་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཁྲིམས་འཆར་ཞིག་ལ། གྲོས་ཚོགས་མི་སྣ་༥༧ གྱིས་རྒྱབ་སྐྱོར་བྱས་པ་དང་། ༢༣ གྱིས་དགག་བྱ་དང་དེ་བཞིན་༢ ཀྱིས་ཆ་ཤས་བླངས་མེད་འདུག གྲོས་འཆར་དེར་མང་མོས་རྒྱབ་སྐྱོར་ཐོབ་པ་དང་། དངོས་སུ་ཁྲིམས་ལ་གཏན་འབེབས་ཡོང་བར་སྲིད་འཛིན་གྱིས་མིང་རྟགས་བཀོད་དགོས་ཀྱི་ཡོད་པས། སྲིད་འཛིན་གྱིས་ཁྲིམས་འཆར་དེར་སྔོན་ཚུད་ནས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པ་རེད་འདུག
ཇིའུ་ཆོས་ལུགས་ཀྱི་རྒྱལ་ཁབ་ཨི་ཛེ་རིལ་གྱི་སྲིད་འཛིན་བྷན་ཇ་མེན་ནཱེ་ཏན་ཡ་ཧུ་ཡིས། དེ་སྔོན་ཁྲིམས་འཆར་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། སུ་གང་གིས་ལོ་རྒྱུས་ནག་བསུབ་གཏོང་མི་ཆོག་པ་དང་། ཇིའུ་མི་རིགས་ཕོན་ཆེན་དམར་གསོད་བཏང་བ་དེར་ངོས་ལེན་མི་བྱེད་པ་བྱེད་མི་ཆོག་སྐོར་བརྗོད་ཡོད་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མཐོ་རིམ་ལས་བྱེད་ཅིག་གིས། པོ་ལན་ཌེ་གཞུང་གིས་ཁྲིམས་འཆར་དེར་བསམ་བློ་བསྐྱར་དུ་གཏོང་དགོས་པ་དང་། དེས་རྒྱལ་ཁབ་དེའི་ནང་སྨྲ་བརྗོད་རང་དབང་རྡོག་རོལ་དང་རྒྱལ་ཁབ་གཞན་དང་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པའི་སེམས་འཚབ་ཡོད་སྐོར་བརྗོད་འདུག་ཀྱང་། པོ་ལན་ཌིའི་གཞུང་གིས་རྒྱལ་ཁབ་དེར་ལོ་རྒྱུས་ཀྱི་བདེན་དཔང་ལ་རྩོད་ལེན་དང་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡོད་ཁར། ཁྲིམས་འཆར་དེར་ཇིའུ་མི་རིགས་ཕོན་ཆེན་དམར་གསོད་བཏང་བའི་ལོ་རྒྱུས་ཐོག་ལ། སྨྲ་བརྗོད་དང་ཞིབ་འཇུག་གི་རང་དབང་བཀག་འགོག་བྱེད་ཆེད་མིན་པར། དེ་ནི་རྒྱལ་སྤྱིའི་ནང་པོ་ལན་ཌེའི་ཆེ་མཐོང་སྲུང་སྐྱོབ་བྱེད་ཆེད་ཡིན་སྐོར་བརྗོད་འདུག
དམག་ཆེན་གཉིས་པའི་སྐབས་ནཱ་ཛི་ལྟ་བ་འཛིན་མཁན་འཇར་མན་རྒྱལ་ཁབ་ཀྱིས། པོ་ལན་ཌེར་དམག་བརྒྱབ་ནས་བཙན་འཛུལ་བྱས་ཏེ། ཇིའུ་མི་རིགས་ས་ཡ་གསུམ་ཚུད་པའི་རྒྱལ་ཁབ་དེའི་མི་སེར་ས་ཡ་མང་པོ་བསད་ཡོད་འདུག་པ་དང་། དབང་བསྒྱུར་གྱི་དུས་སྐབས་སུ་འཇར་མན་གྱིས་ཇིའུ་མི་རིགས་དམར་གསོད་གཏོང་ཡུལ་བཙོན་སྒར་བཙུགས་ནས་དམར་གསོད་བཏང་ཡོད་པས། དམག་ཆེན་གཉིས་པའི་རྗེས་སུ་པོ་ལན་ཌེ་ཡིས་དམར་གསོད་བཙོན་སྒར་དེ་རིགས་ལ་པོ་ལན་ཌའི་དམར་གསོད་བཙོན་སྒར་ལྟ་བུ། དམར་གསོད་ཀྱི་ནག་ཉེས་དེའི་རིགས་ལ་པོ་ལན་ཌེ་ཡིས་ངན་འབྲེལ་བྱས་པའི་དོན་སྟོན་པའི་མིང་ཚིག་བེད་སྤྱོད་བྱེད་པར་དགག་པ་རྒྱུན་རིང་ནས་བྱེད་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
