ཕ་བུ་གཉིས་ཀྱིས་མེ་མདའ་བརྒྱབ་ནས་མི་གྲངས་༡༥ ཚེ་སྲོག་བཅད་པར་མྱ་ངན་ཞུས་འདུག
ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༡༤ ཉིན། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིའི་སྦོན་ཌི་མཚོ་འགྲམ་དུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་བརྒྱབ་ནས་མི་མང་པོས་ཚེ་སྲོག་ཤོར་པར་ཨོ་གླིང་སྐུ་ཚབ་དོན་གཅོད་ནས་མྱ་ངན་ཞུས་འདུག

ཨོ་གླིང་སྐུ་ཚབ་དོན་ཁང་གི་གཞུང་འབྲེལ་ངོ་དེབ་ཐོག་ཏུ། ཁ་སེང་ས་གནས་སྦོན་ཌིར་ཚེ་སྲོག་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་ཕམ་བྱུང་། གནས་སྟངས་འདིའི་འོག་ཚེ་སྲོག་ཤོར་བའི་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་དང་། རྨས་སྐྱོན་ཕོག་པ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་ཡོད་ཅེས་དང་། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ཨོ་གླིང་སྐུ་ཚབ་དོན་ཁང་གིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨོ་གླིང་གི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་འཁོད་འདུག
རྩ་བས་ཟླ་འདིའི་ཚེས་༡༤ ཉིན། ལོ་ན་༥༠ ལ་སོན་པའི་༼Sajid Akram༽ ཟེར་བའི་སྐྱེས་པ་ཞིག་དང་ལོ་ན་སོན་པའི་ཁོང་གི་བུ་༼Naveed༽ ཟེར་བ་གཉིས་ཀྱིས་ཨོ་གླིང་གི་གྲོང་ཁྱེར་སིཌ་ནིའི་སྦན་ཌི་མཚོ་འགྲམ་དུ་འཇིའུ་མི་རིགས་ལ་དམིགས་ཏེ་མེ་མདའ་གང་བྱུང་བརྒྱབ་ནས། ད་བར་མི་གྲངས་༡༥ ཡི་ཚེ་སྲོག་ཤོར་ཞིང་། མི་གྲངས་༤༠ ཙམ་རྨས་ཡོད་འདུག
དོན་རྐྱེན་དེ་ལྷག་སྐབས་ལོ་ན་༤༣ ལ་སོན་པའི་ཤིང་ཏོག་འཚོང་མཁན་མིང་ལ་༼Ahmed al Ahmed༽ ཟེར་བ་ཞིག་གིས་མེ་མདའ་རྒྱག་མཁན་ཐོག་མཆོངས་ནས་མེ་མདའ་འཕྲོག་ཡོད་འདུག ཁོང་ལ་ཡང་རྨས་སྐྱོན་ཕོག་ནས་ད་ཆར་སྨན་ཁང་དུ་ལྷག་ཅིང་། དྲ་ཐོག་མི་བརྒྱ་ཕྲག་མང་པོས་ཁོང་ལ་ཨོ་གླིང་གི་དཔའ་བོ་ཞེས་ཁོང་གི་སྙིང་སྟོབས་ལ་བསྔགས་བརྗོད་བྱས། ཨ་རིའི་ཕྱུག་བདག་ཅིག་གིས་ཁོང་ལ་དཔའ་བོ་ངོ་མ་ཞེས་བསྔགས་བརྗོད་གནང་བ་དང་སྦྲགས་ཨ་སྒོར་༦༥༠༠༠ གི་ཞལ་འདེབས་གནང་ཡོད་འདུག ཝི་ལིམ་ ཨེག་མན་ཟེར་བ་ཞིག་གི་༼GoFundMe༽ ཞེས་པའི་དྲ་ཚིགས་བརྒྱུད་སྐུ་ཞབས་ཁོང་ལ་ཞལ་འདེབས་མང་ཤོས་དེ་ཕུལ་ཡོད་འདུག གཟའ་ཟླ་བའི་མཚན་མོའི་བར་དྲ་ཚིགས་དེའི་ཐོག་ཞལ་འདེབས་ཁྱོན་བསྡོམས་ཨ་སྒོར་ས་ཡ་༡ ལྷག་ཙམ་བསྡུ་རུབ་བྱུང་ཡོད་འདུག
མེ་མདའ་ཡི་དོན་རྐྱེན་ལྷག་པའི་སྐབས་སུ་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ལག་དམར་བ་ཕ་རྒན་དེ་བསད་ཡོད་པ་དང་བུ་དེ་ད་ཆར་སྨན་ཁང་དུ་ལྷག་ཡོད་འདུག མེ་མདའི་དོན་རྐྱེན་དེ་ནི་ཨོ་གླིང་ནང་འདས་པའི་ལོ་ངོ་སུམ་ཅུའི་རིང་གི་མེ་མདའ་ཡི་དོན་རྐྱེན་ཆེ་ཤོས་སུ་གྱུར་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
