ཕག་པའི་མཁལ་མ་མིའི་ལུས་ལ་བེད་སྤྱོད་བྱས་ནས་ནད་པ་དྲག་བསྐྱེད་བྱུང་ཡོད་འདུག 

བྷི་བྷི་སིའི་གསར་ཁང་གི་པར།

ད་ཆར་ཚན་རིག་ལག་རྩལ་ཡར་རྒྱས་ཕྱིན་ནས་འགྲོ་བ་མིའི་ལུས་ལ་ན་ཚ་དང་། གནོད་སྐྱོན་རིགས་བྱུང་ཚེ་ཚན་རིག་ལག་རྩལ་ལ་བརྟེན་ནས་སྲོག་ཆགས་གཞན་གྱི་དབང་པོ་བེད་སྤྱོད་བྱས་ནས་འགྲོ་བ་མིའི་ལུས་དྲག་ཐབས་བྱེད་ཐུབ་ཀྱི་ཡོད་འདུག་ལ། དེང་གི་སྤྱི་ཚོགས་ཁྲོད་མཁལ་མ་སྐྱོན་ཤོར་ནས་འདས་གྲོངས་སུ་འགྲོ་མཁན་མང་པོ་ཡིན་པར་བརྟེན། ད་ཆར་ཚན་རིག་ལག་རྩལ་ལ་བརྟེན་ནས་ཕག་པའི་མཁལ་མ་མིའི་ལུས་ལ་བདེ་སྤྱོད་བྱས་ནས་མཁལ་མའི་གནོད་སྐྱོན་བཅོས་ཐབས་བྱས་ནས་ལེགས་གྲུབ་བྱུང་ཡོད་འདུག 

ཕྱི་ཚེས་༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེ་གསལ་ལྟར་ན། ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་མངའ་སྡེ་(Massachusett)ནང་ཡོད་པའི་(Massachusett)་ཟེར་བའི་སྨན་ཁང་ཞིག་གི་ནང་མཁལ་མའི་ནད་པ་ཞིག་ལ་ཕག་པའི་མཁལ་མ་བེད་སྤྱོད་བྱས་ནས་ནད་པའི་མཁལ་མའི་དཀའ་ངལ་གསལ་ཐུབ་ཡོད་འདུག་པར་བརྟེན། ནད་པ་དེ་ཁ་སང་གཟའ་ལྷག་པའི་ཉིན་སྨན་ཁང་ནས་ཕྱིར་རང་ཁྱིམ་ལ་བདེ་ལེགས་ངང་ཐོན་ཡོད་འདུག དེ་སྔོན་ཨ་རིའི་ནང་ཕག་པའི་མཁལ་མ་མིའི་ལུས་ལ་བེད་སྤྱོད་བྱས་ནས་ནད་པ་དྲག་ཐབས་བྱས་ཡོད་འདུག་ཀྱང་། དེ་ལེགས་གྲུབ་མ་བྱུང་བར་ནད་པ་འདས་གྲོངས་སུ་གྱུར་ཡོད་འདུག འོན་ཀྱང་། ད་ཆར་ཚན་རིག་ལག་རྩལ་སྔར་ལས་གོང་མཐོར་དུ་ཕྱིན་ནས་ཕག་པའི་མཁལ་མ་མིའི་ལུས་ལ་བེད་སྤྱོད་བྱས་ནས་ནད་པ་དྲག་སྐྱེད་བྱུང་ཡོད་འདུག་པ་དང་། སྨན་ཁང་དེ་ནི་ཧ་ཝར་གཙུག་ལག་མཐོ་སློབ་ཀྱི་སྨན་ཁང་ཆེ་ཤོས་ཤིག་ཡིན་འདུག ནད་པའི་མིང་ལ་(Mr Slayman’)ཟེར་བ་ཞིག་གོ་མཁལ་མའི་ན་ཚ་ཛ་དྲག་ཆགས་ནས་མཁལ་མ་བརྗེ་བོ་རྒྱག་དགོས་བྱུང་ཡོད་འདུག་པ་དང་། ཕྱི་ཟླ་༣ ཚེས་༡༦ ཉིན་སྨན་པས་ཆུ་ཚོད་དྲུག་གི་རིང་བཤའ་བཅོས་བྱས་ནས་མཐར་བཤའ་བཅོས་ལེགས་གྲུབ་བྱུང་ཡོད་འདུག ཕག་པའི་མཁལ་མ་དེ་ཚན་རིག་པས་རིགས་རྫས་བཟོ་བཅོས་བྱས་ནས་མིའི་ལུས་ལ་གནོད་པའི་རྫས་སོགས་མེད་པ་བཟོས་ཡོད་པས་སྤྱིར་བཏང་གི་ཕག་པའི་མཁལ་མ་ཞིག་ཡིན་མི་འདུག ད་ལྟ་སྨན་པས་ནད་པ་ཁོང་གི་མཁལ་མ་རྒྱུན་ལྡན་ལྟར་ལས་ཀ་བྱེད་ཀྱི་ཡོད་པ་ལས་དཀའ་ངལ་གང་ཡང་མི་འདུག་ཅེས་བརྗོད་ཡོད་འདུག མཁལ་མའི་ནད་པ་(Mr Slayman’)ཟེར་བ་དེ་ཡིས་ང་ངོ་མ་སྐྱིད་པོ་འདུག ད་ང་ནང་མི་དང་གྲོགས་པོ་ཚོ་དང་ལྷན་དུ་འདུག་ཆོག་གི་རེད། མཁལ་མའི་དཀའ་ངལ་མེད་ཅེས་བརྗོད་ཡོད་འདུག ཕྱི་ལོ་༢༠༡༨ ལོར་ནད་པ་ཁོང་གི་མཁལ་མར་དཀའ་ངལ་ཡོད་པ་ཤེས་རྗེས་ཁོང་གི་སྤུན་མཆེད་གཅིག་གིས་མཁལ་མ་ཞལ་འདེབས་སྤྲོད་རྒྱུ་བྱས་ཡོད་ཀྱང་། མཁལ་མ་དེ་ཡིས་ཁོང་ལ་ཕན་ཐོགས་བྱུང་ཡོད་མི་འདུག ཕྱིས་སུ་ཁོང་ལ་སྨན་པས་ཕག་པའི་མཁལ་མ་ཚོད་ལྟ་བྱས་ན་ཞེས་རྗོད་དུས་ཁོང་གིས་ཁས་ལེན་བྱས་ཡོད་འདུག་ལ། རྒྱུ་མཚན་ནི་ཁོང་རང་ཉིད་གཅིག་པུའི་ཆེད་དུ་མིན་པར་གལ་སྲིད་དེ་ལེགས་གྲུབ་བྱུང་ན་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་ཆེད་དུ་ཡིན་ཞེས་ནད་པས་བརྗོད་འདུག ནད་པ་དེའི་སྨན་པ་(Winfred Williams)་ཟེར་བ་དེ་ཡིས་བརྗོད་དོན་ལ། ཕག་པའི་མཁལ་མ་མིའི་ལུས་ལ་བེད་སྤྱོད་བྱས་ནས་ལེགས་གྲུབ་བྱུང་བ་དེ་མ་འོངས་པར་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་དང་། དེ་བཞིན་འཕྲུལ་རིགས་ཡར་རྒྱས་སྔར་ལས་འགྲོ་རྒྱུ་ཡིན་པར་བརྟེན། ནད་རིགས་མང་པོ་ཞིག་གསལ་ཐུབ་རྒྱུ་ཡིན་པར་བརྗོད་འདུག ད་ཆར་ཨ་རིའི་ནང་(non-profit United Network for Organ Sharing)ཟེར་བའི་ཚོགས་པ་དེ་ཡིས་གྲངས་ཐོ་ཞིག་བཏོན་ཡོད་འདུག་པ་དང་། གྲངས་ཐོ་དེ་ལ་གཞིགས་ན་ཨ་རིའི་ནང་མི་༡༠༠༠༠༠ ལ་མཁལ་མ་བརྗེ་བོ་རྒྱག་དགོས་མཁན་ཡིན་པར་བརྗོད་འདུག དེ་ལས་ལྡོག་སྟེ་ཕྱི་ལོ་༢༠༢༣ ནང་མཁལ་མ་ཞལ་འདེབས་རྒྱག་མཁན་༢༣༥༠༠ ལས་ཡོད་མི་འདུག་པར་བརྟེན།  ཉི་མ་གཅིག་ནང་ཁྱོན་མི་༡༧ མཁལ་མ་ཞལ་འདེབས་རྒྱག་མཁན་མེད་ནས་འདས་གྲོངས་སུ་འགྱུར་གྱི་ཡོད་འདུག དེ་སྔོན་སྙིང་གི་ནད་པ་གཉིས་ལ་ཕག་པའི་སྙིང་བེད་སྤྱོད་བྱས་ནས་དྲག་ཐབས་བྱས་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་བདུན་ཕྲག་གཉིས་ཀྱི་རྗེས་སུ་ནད་པ་གཉིས་ཀ་འདས་གྲོངས་སུ་གྱུར་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།