ཕུ་རུང་རིང་པོའི་ལས་དབང་།

བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་༧གོང་ས་མཆོག་གི་སྐུའི་བླ་གཟའ། རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་ཆས་གྱོན་ནས་སྒོར་གཞས་འཁྲབ་པ་སོགས་འདུ་འཛོམས་དམིགས་བསལ་བ་ཞིག་བྱེད་སྲོལ་དར་ཡོད། བསམ་བློའི་འཁྱེར་སོ་སྣ་ཚོགས་ལ་བརྟེན་ནས་བཙན་བྱོལ་བོད་མི་རྣམས་གཅིག་གྱུར་ཡོང་དཀའ་བའི་དུས་འདིར། ལྷག་དཀར་སྒོར་གཞས་ཀྱི་འདུ་འཛོམས་ལ་བརྟེན་ནས་དམིགས་བསལ་འབྲེལ་བ་ཡག་ཏུ་འགྲོ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། འོན་ཀྱང་ད་ལྟའི་ཆར་དེར་ཡང་རྒྱུ་མཚན་ཡོད་མེད་ཀྱི་འགྲེལ་བརྗོད་སྣ་ཚོགས་ལ་བརྟེན་འཐེན་འཁྱེར་གྱི་གཞི་རྩ་ལྟ་བུར་འགྱུར་བཞིན་པ་ནི། ཕྱོགས་གང་ནས་བསམ་ཡང་བཙན་བྱོལ་བོད་མི་སྤྱིའི་གྱོང་གུད་ཅིག་ཏུ་འགྱུར་ངེས་ཡིན་པ་སྨྲོས་མ་དགོས་པ་རེད། ལྟ་ཚུལ་དང་མཐོང་ཚུལ་མི་འདྲ་བ་ག་རེ་ཡོད་ཀྱང་། ཐུན་མོང་གི་འབབ་ས་གཅིག་གི་ཐོག་ལ་འབབ་ཐུབ་པའི་ཁོར་ཡུག་ཅིག་འཚོལ་མ་ཐུབ་ན་ལྷག་དཀར་སྲུང་རྩིའི་དམིགས་ཡུལ་ཡང་འགྲུབ་མི་སྲིད་པ་ལྟ་བུར་འགྱུར་ངེས་རེད།

བོད་ནང་དུ་དར་སྲོལ་ཆེ་བའི་ཞབས་བྲོ་ལ་རྒྱ་མིའི་ཤན་ཤུགས་ཐེབས་ཡོད་པའི་ལྟ་ཚུལ་བཙན་བྱོལ་ནང་ཡོད་ལ། ཕྱི་ལོ་༡༩༩༨  གཡས་གཡོན་ཙམ་ལ་གསོག་སྒར་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་བོད་ནང་དུ་དར་ཁྱབ་ཆེ་བའི་གཞས་ཞབས་བྲོ་ཁ་ཤས། སྐུའི་འཁྲུངས་སྐར་སོགས་དུས་ཆེན་ཁག་ལ་གཙུག་ལག་ཁང་གི་གཞུང་འབྲེལ་མཛད་སྒོར་འཁྲབ་སྐབས་རྒྱ་མིའི་ཞབས་བྲོ་རེད་ཅེས་གསོག་སྒར་སློབ་གྲྭའི་འཁྲབ་སྟོན་ལོ་མང་གཞུང་འབྲེལ་མཛད་སྒོའི་ཐོག་མཐོང་རྒྱུ་མེད་པ་བཟོས་སོང་། བོད་ནས་ཡོང་མཁན་མང་ཆེ་བའི་སེམས་སུ་བགྲེས་སོང་རྣམས་ཀྱིས་མཛད་སྒོའི་སྐབས་འགུལ་བསྐྱོད་ཆེན་པོ་མི་དགོས་པར་རྫོགས་རྒྱུ་མེད་པའི་གཞས་སྣ་འཁྲབ་སྟོན་ལ་སུན་སྣང་ཆེན་པོ་བྱེད་བཞིན་ཡོད་པ་སོགས་ཕྱོགས་གང་ཐད་ནས་ཕན་ཚུན་བསམ་ཤེས་མི་ཐུབ་པའི་གནས་ཚུལ་མང་པོ་ཡོད། རིམ་པས་མི་རབས་རྒན་པ་དེ་དག་རྫོགས་རྗེས་ན་གཞོན་རྣམས་ཀྱིས་གཞས་སྣ་དེ་དག་ལ་དོ་སྣང་མེད་པ་མ་ཟད། བོད་ནང་དུ་དར་ཁྱབ་ཆེ་བའི་སྒོར་གཞས་དག་རང་བཞིན་གྱིས་བཙན་བྱོལ་སྤྱི་ཚོགས་ནང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་སོང་། 

མི་ལོ་བདུན་ཅུར་ཉེ་བའི་རིང་བོད་ཕྱི་ནང་གཉིས་སུ་ཕྱིའི་ཁོར་ཡུག་ལ་བརྟེན་ནས་ནང་བསམ་བློའི་འགྱུར་བ་སྣ་ཚོགས་ཤིག་བྱུང་ཡོད་པ་དང་། གཞས་ཞབས་བྲོ་ཙམ་དུ་མ་ཟད། བོད་ཀྱི་རིག་གནས་སྤྱི་དང་ཡུལ་སྲོལ་གོམས་གཤིས་ལ་འགྱུར་ལྡོག་ཆེན་པོ་སོང་ཡོད་པ་ནི། མི་འདོད་བཞིན་དུ་ཁས་ལེན་མི་བྱེད་ཐབས་མེད་དུ་གྱུར་ཡོད། བོད་ནང་གི་ཞབས་བྲོ་ལ་མཚོན་ན་དལ་མགྱོགས་དང་སྟངས་སྟབས་སོགས་སྔོན་དང་མི་འདྲ་བའི་འགྱུར་བ་ཆེན་པོ་སོང་ཡོད་ངེས་རེད་ལ། བཙན་བྱོལ་ནང་དུ་དེ་མཚུངས་ཤན་ཤུགས་མང་པོ་ཐེབས་ཡོད་པ་ནི་སྨྲོས་མི་དགོས་པ་རེད། བོད་ནང་ནས་དར་བ་ཚང་མ་རྒྱ་མིའི་ཤུགས་རྐྱེན་ཁོ་ན་ཡིན་པའི་འགྲེལ་བརྗོད་བྱེད་དཀའ་ལ། བཙན་བྱོལ་ནང་དུ་ཡོད་པ་ཚང་མ་བོད་ཀྱི་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཡིན་པའི་ངེས་པའང་མེད། དཔེར་ན་བོད་ཀྱི་ཐུན་མོང་རིག་གནས་བརྡ་དག་ཁོ་ནར་མཚོན་ཡང་བོད་ནང་ནས་རྒྱུད་འཛིན་དར་སྤེལ་བྱས་པའི་ཤུགས་རྐྱེན་བཙན་བྱོལ་ནང་ཐེབས་པ་ལས། བཙན་བྱོལ་སྤྱི་ཚོགས་ནང་ནས་རང་རྐང་ཚུགས་པ་ཞིག་ཧ་ལམ་མེད་པར་གྱུར་ཡོད།

འོན་ཀྱང་མང་གཙོའི་ལུང་པ་ཞིག་ཏུ་བོད་ནང་ནས་དར་བའི་གཞས་སྣ་འཁྲབ་སྟོན་ལ་རྒྱ་མིའི་ཤན་ཤུགས་ཡོད་པའི་ལྟ་ཚུལ་ཙམ་བརྗོད་པ་ལ་ཧ་ལས་དགོས་དོན་མེད་ཀྱང་། དེ་ལ་བརྟེན་ནས་ལྷག་དཀར་འདུ་འཛོམས་སོགས་མི་ཐུབ་པར་གྱུར་ན་གྱོང་གུད་ཆེན་པོར་གྱུར་ཡོད། སྤྱིར་བོད་ཀྱི་ས་གནས་མི་འདྲ་བར་གཞས་འཁྲབ་དུས་རྐང་ལག་གི་འདེགས་འཇོག་དང་། གཞས་གཏོང་བའི་སྐབས་འགྱུར་ཁུག་སོགས་མི་འདྲ་བ་ཡོད་པ་མི་ལོ་བརྒྱད་བརྒྱའི་སྔོན་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་རོལ་མོའི་བསྟན་བཅོས་ལས། “དབུས་པ་རྣམས་ཀྱིས་ལྡིར་ཞིང་འགྱུར།།  གཙང་པ་འཚེར་ཞིང་གསལ་བ་ཡིན།།  གཙེར་ཞིང་མདུན་པ་མངའ་རིས་པ།  ཁམས་པ་རྣམས་ནི་བརྗིད་ཅིང་གྱོང་།།”ཞེས་ཅུང་མི་འདྲ་བའི་ཚུལ་ཡོད་པ་བཞིན། ཞབས་བྲོ་ལའང་ཡོད་པ་བཤད་མི་དགོས་པས། དེ་དག་ཚང་མ་བོད་ཀྱི་རིག་གནས་ཡིན་པའི་ངོས་འཛིན་དེ་ཡོད་དགོས། སྤྱི་ཚོགས་ནང་གླུ་གཞས་དར་ཁྱབ་གང་ཆེ་ཡང་། དེས་སྤྱི་ཚོགས་ཀྱི་སེམས་ཁམས་དང་མཐུན་གྱི་ཡོད་པ་མཚོན་པས་འགོག་དགོས་པ་ཞིག་གཏན་ནས་མིན།

མདོར་ན་རྒྱལ་ཁབ་མང་པོའི་རིག་གནས་ལ་ཕྱིའི་ཤན་ཤུགས་ཐེབས་ཡོད་པ་དང་། བོད་ཀྱི་ནང་མ་སྟོད་གཞས་ལ་མཚོན་ན་ཀ་ཤི་སྨིར་ནས་དར་བའི་བཤད་སྲོལ་ཡོད་པ་ལྟ་བུ་རེད། གང་ལྟར་མི་སྒེར་ངོས་ནས་ཕུ་རུང་རིང་པོ་ཅན་རྣམས་སྡིངས་ཆའི་ཐོག་ཏུ་ཡོང་མི་ཆོག་ཟེར་བ་དང་། ལག་པ་མཐོན་པོར་བཀྱགས་པ་བོད་པའི་རིག་གནས་མིན་ཚུལ་བཤད་མཁན་ཡོད་སྲིད་ཀྱང་། གཞུང་འབྲེལ་གྱིས་དེ་ལྟར་བརྗོད་ན་སྐབས་དེ་དུས་རང་བཞིན་གྱི་དཀའ་ངལ་ཞིག་ཏུ་འགྱུར་ངེས་རེད། དཔེར་ན་སློབ་གྲྭའི་ནང་“པཱ་ལགས་”ལས། “ཨ་ཕ་”བརྗོད་མི་ཆོག་པའི་སློབ་གསོ་གཏོང་མཁན་བྱུང་ཡོད་ལ། ཕ་མ་ཁ་ཤས་ཀྱིས། སྐུ་མཁྱེན་པཱ་ལགས་ཞེས་པ་སྤྱི་ལ་ཁྱབ་པའི་མིང་ཞིག་རེད། དཔེར་ན་སྒོ་སྲུང་པཱ་ལགས། མ་བྱན་པཱ་ལགས་ཞེས་པ་ལྟ་བུ་ཡིན་ལ། ཨ་ཕ་ནི་རང་གི་ཕ་གཅིག་པུ་ལས་གཞན་ལ་འབོད་སྲོལ་མེད་པས་བུ་ཕྲུག་ལ་ངེས་པར་དུ་ཨ་ཕ་ཞེས་འབོད་བཅུག་རོགས་ཞེས་བརྗོད་པའི་ལོ་རྒྱུས་ཀྱང་ཡོད། ཡུལ་སྲོལ་མི་འདྲ་བ་ཅུང་ཙམ་རེ་ཡོད་ཀྱང་དེ་དག་ཚང་མ་གཅིག་གྱུར་བཟོ་དགོས་པའི་ངེས་པ་གཏན་ནས་མེད།།