ཕུགས་འཕེར་གྱི་དཀའ་སེལ།

བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གནས་སྐབས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་ལ། དེའི་ཆེད་འཕྲལ་སེལ་གྱི་ཐབས་ཤེས་གང་མང་ཞིག་དུས་ནས་དུས་སུ་བྱས་ཡོད། ཕལ་ཆེ་བར་ཕུགས་ཕན་རང་བཞིན་གྱི་དཀའ་སེལ་ཐབས་ལམ་ཞིག་མ་རྙེད་པའམ། མ་བཙལ་བའི་གནད་དོན་ཁ་ཤས་ཤིག་རྒྱུན་དུ་ང་ཚོའི་མིག་མདུན་དུ་ལྷགས་བཞིན་ཡོད། དཔེར་ན་ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་ཀུ་ལུ་རྫོང་ཁོངས་ཀྱི་བོད་མིའི་གཞིས་ཆགས་ཁག་ཅིག་ལ་ཆར་ཞོད་དང་ཆུ་ལོག་གི་གནོད་འཚེ་ཐེབས་བཞིན་ཡོད་ཅིང་། འདས་པའི་ལོ་རྒྱུས་ནང་ཀུ་ལུ་ཁུལ་དུ་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལ་ཆུ་ལོག་གི་གནོད་འཚེ་ཡང་ཡང་འཕྲད་མྱོང་ཡོད། ཆུ་ལོག་འགོག་པའི་ཐབས་ལམ་སྔ་རྗེས་སུ་བཙལ་ཡང་། གནས་སྐབས་ཙམ་ལས་ཕུགས་ཕན་རང་བཞིན་ཞིག་གཏན་ནས་བྱུང་མྱོང་མེད། སྟོན་ཉེས་དང་། དགུན་ཚོང་ཡག་པོ་མ་ཡོང་བར་སྔོན་འགོག་ཐུབ་ཐབས་དཀའ་ཡང་། ཆུ་ལོག་གི་གནོད་འཚེ་ལྟ་བུ་ལ་ཕུགས་ཕན་རང་བཞིན་གྱི་ལས་འཆར་སྒྲིག་མི་ཐུབ་པ་ཞིག་གང་ཡང་མ་རེད། ཀུ་ལུ་ཁུལ་གྱི་བོད་མིའི་གཞིས་ཆགས་ཁ་ཤས་ལ་དུས་རྒྱུན་ཆུ་ལོག་གི་དཀའ་ངལ་ཡོང་གི་ཡོད་པ་དང་། དཀའ་ངལ་དེ་དག་སེལ་ཆེད་ཆུ་རགས་བསྐོར་བ་སོགས་ཐབས་ཤེས་སྔ་རྗེས་བྱས་ཡོད། ལྷག་པར་དུ་ལོ་འདིར་ཡང་ཆུ་ལོག་འགོག་ཆེད་བོད་མིའི་སྒྲིག་འཛུགས་ནས་སྔོན་རྩིས་གཏན་འབེབས་བྱས་ཡོད་ཀྱང་། ས་གནས་ནས་ལས་འཆར་དུས་ཐོག་ལག་བསྟར་མ་ཐུབ་པས་མུ་མཐུད་དཀའ་ངལ་དེ་འཕྲད་པ་རེད། དཀའ་ངལ་འཕྲད་སྐབས་མི་ཚང་སྒེར་རེ་རེ་ལ་དཔལ་འབྱོར་གྱི་ཐོག་ནས་གྱོང་གུན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ལའང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། ཀུ་ལུ་ཁུལ་གྱི་ས་གནས་དེ་དག་ཏུ་ཐེངས་གཅིག་ལ་འགྲོ་སོང་ཆེ་ཙམ་ཞིག་བཏང་ནས་ཆུ་ལོག་སྔོན་འགོག་ཐུབ་པའི་རྡོ་རྩིག་དང་ར་བ་བསྐོར་ཐུབ་པ་བྱུང་ན། དུས་རྒྱུན་དུ་སེམས་ཁྲལ་དང་ཞེད་སྣང་མི་དགོས་པ་དང་། མི་རྒྱུ་གཉིས་ལ་གྱོང་གུད་ཀྱང་མི་འཕྲད་པའི་ཕན་ཐོགས་ཆེན་པོ་ཡོད་པས། འགྲོ་སོང་ལ་མ་འཛེམས་པར་ཐེངས་གཅིག་ལ་ལས་འཆར་སྲ་བརྟན་ཕུགས་འཕེར་ཡོང་བ་ཞིག་བྱེད་དགོས། ཆར་པ་མེད་སྐབས་ས་གནས་ནས་ཀྱང་དོ་སྣང་མ་བྱས་པར་ལས་འཆར་དུས་ཐོག་ལག་བསྟར་མ་ཐུབ་པ་དང་། ད་བར་གྱི་ལས་འཆར་ཁག་ཀྱང་རྦད་དེ་ཉེན་ཁ་སེལ་ཐུབ་པའི་ལས་འཆར་ཞིག་མིན་པར། འགྲོ་སོང་ཕོན་ཆེ་གཏོང་མི་དགོས་པར་གནས་སྐབས་ཙམ་ལ་དཀའ་ངལ་སེལ་རྒྱུའི་རེ་བ་འབའ་ཞིག་བརྒྱབ་ནས་འགྲོ་སོང་ཆུང་ཙག་སྔ་རྗེས་ཡང་ཡང་བཏང་ཡོད་ཀྱང་། དོན་དུ་དུས་གཅིག་ལ་ལས་འཆར་ཚད་ལྡན་ཞིག་བསྒྲུབས་མ་ཐུབ་པར་བརྟེན་ནས་དཀའ་ངལ་འཕྲད་བཞིན་ཡོད། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ནད་རྟགས་རེ་ལ་བརྟེན་ནས་སྨན་བཅོས་བྱས་པ་ཙམ་མ་ཡིན་པར། ནད་ཀྱི་རྩ་བ་ཡོངས་སུ་གཅོད་ཐུབ་པའི་སྨན་བཅོས་ལྟ་བུ་ཞིག་བྱས་ནས། མ་འོངས་པར་ཆུ་ལོག་གཏན་འགོག་ཆེད་འགྲོ་སོང་འདེང་ངེས་ཤིག་ཐབས་འཚོལ་བྱེད་དགོས་པ་དང་། ས་གནས་ནས་ལས་འཆར་ལག་བསྟར་ཚད་དང་ལྡན་པ་ཞིག་ཡོང་ཐབས་མ་བྱས་པར། འབུམ་ཐར་དུ་གསར་འབྱོར་བའི་སྡོད་ཁང་ལ་བཟོ་བཅོས་ལྟ་བུ་འགྲོ་སོང་ཆེན་པོ་བཏང་བ་ལས་དོན་ཚད་ལྡན་མ་བྱུང་བ་ལྟ་བུ་གཏན་ནས་བྱེད་མི་རུང་། ད་དུང་དཔེར་མཚོན་གཞན་ཞིག་གི་ཐོག་ནས་བཤད་ན། ཧུན་སུར་གཞིས་ཆགས་སུ་གླང་ཆེན་འགོག་ཆེད་ས་དོང་བརྐོས་པ་དང་། ལྕགས་རི་བསྐོར་བ། ལྕགས་ར་ལ་གློག་ཁྲིད་པ་སོགས་འགྲོ་སོང་སྔ་རྗེས་ཡང་ཡང་བཏང་ཡོད་ཀྱང་། དོན་དངོས་སུ་གླང་ཆེན་འགོག་ཐུབ་པའི་ལས་འཆར་ཞིག་གཏན་ནས་ལག་བསྟར་ཐུབ་མེད་པ་ལྟ་བུར་གྱུར་ཡོད། དང་པོ་ནས་འཆར་གཞི་རྒྱ་ཆེ་ཙམ་ཞིག་དང་བློས་གཏོང་རྒྱ་ཆེ་ཙམ་ཞིག་མ་བྱས་ན་གྲུབ་འབྲས་ཆེན་པོ་ཞིག་ཡོང་རྒྱུའི་རེ་བ་གང་ཡང་མེད་པ་ནི་ཕྱོགས་ཡོངས་ནས་གསལ་པོ་རེད། ད་ལྟ་ཀུ་ལུ་ཁུལ་ལ་མཚོན་ན་ཆུ་མང་ཆེ་བ་གཞིས་ཆགས་ཀྱི་ཉེ་འགྲམ་ཕྱོགས་སུ་ཡོང་གི་ཡོད་པས། རྡོ་རྩིག་བརྟན་པོ་བཟོ་རྒྱུ་དང་།ཆུ་དཀྱིལ་གྱི་ཕ་བོང་ཆེ་བ་རྣམས་ཚུར་ཕྱོགས་སུ་དེད་ནས་ཆུ་རྒྱས་པའི་སྐབས་སུ་གཞིས་ཆགས་ཀྱི་ཕྱོགས་སུ་ཡོང་མི་ཐུབ་པ་ཞིག་བཟོ་རྒྱུ་དེ་ས་བབས་ཀྱི་ཐོག་ནས་ཡོང་ངེས་སུ་གྱུར་ཡོད། འགྲོ་སོང་ལ་མ་ལྟོས་པར་འཆར་གཞི་བརྟན་པོ་དང་། ལས་གཞི་ལག་བསྟར་ཚད་ལྡན་ཞིག་མ་བྱུང་ན་སྔོན་མ་རྣམས་དང་གཅིག་མཚུངས་ལས་གྲུབ་འབྲས་སོན་དཀའ། མདོར་ན་ལས་འཆར་གང་ཡིན་ཡང་ཕུགས་ཕན་ཡོང་བ་ཞིག་ཏུ་བསམ་བློ་གཏོང་མ་ཐུབ་ན་མུ་མཐུད་དཀའ་ངལ་འཕྲད་ངེས་རེད། འདས་པའི་མི་ལོ་དྲུག་ཅུ་ལྷག་རིང་གཞིས་ཆགས་སྲ་བརྟན་ཆེད་འབད་བརྩོན་གང་མང་བྱས་ཤིང་། བུ་ཕྲུག་རྣམས་ཀྱི་མདུན་ལམ་ཆེད་སློབ་གྲྭ་གང་མང་ཞིག་བརྒྱབ་ཀྱང་། ད་ལྟའི་ཆར་གཞུང་སྒེར་གཉིས་ངོས་ནས་སློབ་གྲྭ་མང་པོ་ཞིག་སྒོ་རྒྱག་དགོས་ཐུག་ཡོད། གཞིས་ཆགས་རེ་ཟུང་དུ་མི་གནས་སྡོད་བྱེད་མཁན་མེད་པར་གྱུར་ཟིན་ལ། གཞིས་ཆགས་ཁ་ཤས་ནང་སྡོད་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད། ད་ཆ་སློབ་གྲྭ་ཁག་དང་གཞིས་ཆགས་སྲ་བརྟན་ཡོང་ཐབས་དགོས་པ་ལས། གསར་སྐྲུན་བྱ་རྒྱུའི་དགོས་མཁོ་མེད་པར་གྱུར་ཟིན་ནའང་།ཀུ་ལུ་ཁུལ་ལ་མཚོན་ན་གནམ་གཤིས་དང་ས་བབས། འགྲིམ་འགྲུལ་སོགས་གང་ཐད་ནས་ཡག་པོ་ཡོད་པས་གཞིས་ཆགས་ཁག་ལ་ཆུ་ལོག་གི་འཇིགས་པ་མུ་མཐུད་མི་ཡོང་བའི་ལས་འཆར་ཚད་ལྡན་ཞིག་བསྐྲུན་རྒྱུ་དང་། མི་མང་གི་ངོས་ནས་མཐུན་འགྱུར་གང་ཐུབ་ཞུ་དགོས་པ་ལས། འཕྲལ་སེལ་ཙམ་གྱིས་འགྲོ་སོང་ཆུད་ཟོས་ལས་ཕན་ཐོགས་གང་ཡང་མེད།།