ཕུགས་རྒྱང་རིང་པོའི་ནང་མེ་མདའི་སྟོབས་ཤུགས་ལས་བདེན་པའི་སྟོབས་ཤུགས་རྣམ་པར་རྒྱལ་ངེས། 

 

༧རྒྱལ་བ་རིན་པ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ“ང་ཚོར་བདེན་པའི་སྟོབས་ཤུགས་ཡོད། རྒྱ་ནག་ལ་མེ་མདའི་སྟོབས་ཤུགས་ཡོད། འོན་ཀྱང་ཕུགས་རྒྱང་རིང་པོའི་ནང་མེ་མདའ་ལས་བདེན་པའི་སྟོབས་ཤུགས་རྣམ་པར་རྒྱལ་ངེས་རེད”ཅེས་བཀའ་སློབ་བསྩལ་གནང་འདུག 

༧གོང་ས་མཆོག་གིས་གསར་འགོད་པར་བཀའ་ལེན་གནང་བཞིན་པ།

དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༢༥ རེས་གཟའ་ལྷག་པའི་ཉིན་གྱི་ཞོགས་པར་༧རྒྱལ་བ་རིན་པོ་ཆེ་མཆོག་གནས་ཆེན་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་ཆིབས་སྒྱུར་བཅངས་པ་དང་། རྟེན་གཙོ་ཐུབ་པའི་སྐུ་བརྙན་ལ་ཕྱག་མཆོད་འབུལ་དང་། ཞལ་འདོན་གསོལ་འདེབས་གནང་ནས་གྲུབ་རྗེས། བྱང་ཆུབ་མཆོད་རྟེན་གྱི་ཕྱི་ལ་འཛོམས་པའི་ཕྱི་ནང་གི་གསར་འགོད་པ་རྣམས་ཀྱི་དྲི་བར་བཀའ་ལན་གནང་སྐབས། ཁོང་གི་ཚེའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་བཞིའི་ཐོག་ཐུགས་བརྩོན་མཛད་བཞིན་ཚུལ་གསུངས་འདུག 

དེར་འདུས་པའི་གསར་འགོད་པ་ཞིག་གིས་ཁོང་ལ“རྒྱ་ནག་གཞུང་ལ་བརྡ་ལན་འདྲ་ཡོད་དམ”ཞེས་དྲིས་པའི་བཀའ་ལན་ལ། ཁོང་གིས“སྲོལ་རྒྱུན་གྱི་ཐོག་ནས་བཤད་ན། རྒྱ་ནག་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་ཞིང་འཛམ་གླིང་གི་ནང་པའི་གྲངས་འབོར་མང་ཤོས་རྒྱ་ནག་ཏུ་ཡོད་རེད། རྒྱའི་ནང་པ་དེ་དག་གི་ཁྲོད་ནས་མང་པོ་ཞིག་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་བ་རེད། ལོ་གསུམ་གྱི་གོང་ལ་པེ་ཅིང་སློབ་གྲྭ་ཆེན་མོས་རྒྱ་ནག་ཏུ་ཡོད་པའི་ནང་པའི་གྲངས་འབོར་ཞིབ་བཤེར་བྱས་པའི་གྲུབ་དོན་ལ། རྒྱ་ནག་ཏུ་ནང་པ་ས་ཡ་ ༣༠༠ ཡོད་འདུག ནང་པ་དེ་དག་གི་ཁྲོད་ནས་མང་པོ་ཞིག་ཤེས་ཡོན་ཅན་རེད། དེ་དག་ནི་གཞུང་འབྲེལ་གྱི་སྙན་ཐོ་རེད། དེ་ནས་བཟུང་ནང་ཆོས་བྱེད་མཁན་གྱི་རྒྱ་མིའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད།  དེ་ཡིས་མ་ཚད། རྒྱའི་ནང་པ་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་དེ་དཔལ་ནཱ་ལེནྜའི་ཆོས་བརྒྱུད་རྣལ་མ་ཞིག་ཡིན་པ་དང་། དེའང་ཚན་རིག་དང་མཐུན་པའི་ཆོས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་གསུངས་ཡོད་འདུག 

དེ་ནས་ཁོང་གིས་བོད་རྒྱའི་གནད་དོན་ཐད་ལ“ང་ཚོ་ལ་བདེན་པ་ཡོད། བདེན་པའི་སྟོབས་ཤུགས་ཡོད། རྒྱ་ནག་དམར་ཤོག་ལ་མེ་མདའི་སྟོབས་ཤུགས་ཡོད། ཕུགས་རྒྱང་རིང་པོའི་ནང་མེ་མདའི་སྟོབས་ཤུགས་ལས་བདེན་པའི་སྟོབས་ཤུགས་ལྡབ་ཀྱིས་ཤུགས་ཆེ་བ་ཡོད”ཅེས་གསུངས་ཡོད་འདུག 

ད་ཐེངས་༧རྒྱལ་བ་རིན་པོ་ཆེ་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་ ༡༤ བཞུགས་འཆར་ཡོད་འདུག་ཅིང་། ཁོང་གིས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡ ཚེས་ ༢ ཉིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་དང། ཚེས་ ༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་། ཚེས་ ༤ ནས་ ༦ ་འཇམ་དབྱངས་ཆོས་སྐོར་གྱི་ཆོས་འབྲེལ་བཀའ་དྲིན་བཅས་བསྩལ་རྒྱུ་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།