ཕུན་ཚོགས་སྟོབས་རྒྱལ་གྱིས་རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་བྱས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༠ པའི་ཚོགས་འདུའི་ཉིན་བཅོ་ལྔ་པའི་ཐོག སུད་སི་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ཀྱིས་རྒྱལ་ཚོགས་སུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་བྱས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༥ ཟླ་༩ ཚེས་༢༣ ཉིན། སུད་སི་སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ། ཁམས་གོ་འཇོ་ཁུལ་ཆོས་རྒྱལ་དགོན་པའི་དགོན་བདག་སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་ལགས་རྒྱ་ནག་གཞུང་གིས་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་འོག་སྐུ་བཀྲོངས་པའི་སྐོར་དང་། ཉེས་མེད་ཉེས་འགེལ་གྱིས་ཚེ་བཙོན་དུ་བཅུག་པའི་བོད་མི་རྡོ་རྗེ་བཀྲ་ཤིས་ཀྱིས་གཅེན་མོ་མགོན་པོ་སྐྱིད་ཀྱིས་ཁོང་གློད་བཀྲོལ་ཡོང་བར་ཞུ་གཏུག་དང་། ཁྲིམས་མཐུན་ཐོབ་ཐང་རྩོད་ལེན་བྱེད་མུས་ཡིན་པའི་སྐོར་གསུངས།
ཕུན་ཚོགས་སྟོབས་རྒྱལ་ཀྱིས་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང་། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འཛིན་བཟུང་བཀག་ཉར་འོག་ཡོད་སྐབས་ཝི་ཐི་ནམ་དུ་དོགས་གཞིའི་འོག་འདས་གྲོངས་གྱུར་པ་དང་། གཞས་པ་ཨ་སངས་དང་དཔལ་ཆུང་གཉིས་ཀྱིས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༠ ལ་ཕེབས་པའི་དགའ་སྟོན་སྲུང་བརྩིའི་བསྟོད་གླུ་བླངས་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར། ཡེ་ན་དགོན་པའི་བླ་མ་རྒན་གྲས་ཁག་ཅིག་གིས་ཆུ་མཛོད་ལས་གཞི་ལ་ངོ་རྒོལ་བྱས་པར་བརྟེན། འཛིན་བཟུང་བཀག་ཉར་བྱས་ཡོད་པ་གསལ་འདོན་གནང་ཡོད་འདུག
ཕུན་ཚོགས་སྟོབས་རྒྱལ་གྱིས་གནད་དོན་འདི་དག་ནི་བོད་ནང་གི་དྲག་གནོན་དང་། འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་མཚོན་གྱི་ཡོད་པ་ནན་བརྗོད་གནང་བ་དང་ཆབས་ཅིག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་ལྷན་ཁང་། དམིགས་བསལ་སྙན་སྒྲོན་པ་བཅས་ནས་ཞིབ་འཇུག་ནན་ཏན་གནང་སྟེ་ཞིབ་ཕྲའི་སྙན་ཐོ་འབུལ་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
