ཕྱི་དྲིལ་བཀའ་བློན་གྱིས་ཅེག་ཕྱི་སྲིད་བློན་ཆེན་ལ་མཇའ་འཕྲད།

འཛམ་གླིང་རྒྱལ་ཁབ་ ༢༠ ཡི་ཕྱི་སྲིད་བློན་ཆེན་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཛོམས་པ་དང་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ཡིས་ཅེག་ཕྱི་སྲིད་བློན་ཆེན་ལ་བོད་ཀྱི་གནད་དོན་སྐོར་ལ་གླེང་སློང་གནང་ཡོད་འདུག

ཕྱི་ཟླ་ ༢ པའི་ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དང་། ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་བློ་བཟང་ཤཱ་སྟྲཱི་དང་དྲུང་ཆེ་དོན་གྲུབ་རྒྱལ་པོ་བཅས་ཀྱིས། འཛམ་གླིང་འབྱོར་ལྡན་རྒྱལ་ཁབ་ ༢༠ ཡི་ཕྱི་སྲིད་བློན་ཆེན་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཚོགས་ཆེན་བསྐོང་ཚོགས་གནང་བ་དང་བསྟུན། ཅེག་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇཱན་ལི་བྷ་སི་ཀེ་ (Jan Lipavský) དང་ཟུར་མཇལ་གནང་སྟེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། འགྲོ་འདུག་གི་རང་དབང་བཅས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་གླེང་སློང་གནང་ཡོད་འདུག

ཐེངས་འདིའི་ཟུར་མཇལ་སྐབས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ཡིས། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་རིང་སེལ་མ་ཐུབ་པའི་བོད་རྒྱའི་དཀའ་རྙོག་དེ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་སུ་གྲོས་མོལ་གྱི་ལམ་ནས་བསལ་རྒྱུར་དམ་བཅའ་བརྟན་པ་ཡོད་སྐོར་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ནི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ཐད་ཐུགས་ཁུར་ཆེན་པོ་གནང་མཁན་ཞིག་ཡིན་པ་མ་ཟད། བོད་དང་ལོ་རྒྱུས་ཀྱི་ཐོག་ནས་ཀྱང་འབྲེལ་འདྲིས་དམ་ཟབ་ཡོད་པས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གཉིས་ཀྱིས་མུ་མཐུད་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་བྱ་རྒྱུའི་རེ་སྐུལ་གནང་ཡོད་འདུག

ཡང་ཕྱི་དྲིལ་བཀའ་བློན་གྱིས། བོད་ནང་གི་གནད་དོན་དང་འབྲེལ་བའི་སྐོར་ལ་གླེང་སློང་གནང་ཡོད་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཅོམ། བོད་ནང་གི་བྱིས་པ་ཚུད་པའི་བོད་མི་རྣམས་ཀྱིས་རིགས་རྫས་བསྡུ་རུབ། བོད་ནང་གི་བྱིས་པ་རྣམས་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་བཅུག་བྱས་པ་བཅས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་བཞིན་པ་དེར་། ཅིག་གཞུང་མང་གཉིས་ནས་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་གནང་ཡོད་འདུག

ཅེག་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇཱན་ལི་བྷ་སི་ཀེ་ (Jan Lipavský) ཡིས། རྒྱ་གར་དུ་འཚམས་གཟིགས་སྐབས་སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་མཇལ་འཕྲད་བྱུང་བ་དགའ་པོ་བྱུང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མ་སྐུ་ཞབས་ཝ་སི་ལབ་ཧཱ་ཝེལ་ (Vaclav Havel) དང་༧གོང་ས་༧རྒྱལ་བ་རིན་པ་ཆེ་མཆོག་གཉིས་བར་ཐུགས་འདྲིས་དམ་ཟབ་ཡོད་ཅིང་། བོད་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་ལམ་དམ་ཟབ་ཡོད་པ་མ་ཟད། ཅེག་མི་མང་དང་། སྲིད་གཞུང་། གྲོས་ཚོགས་གོང་འོག་བཅས་ནས་མུ་མཐུད་དུ་བོད་དང་བོད་མིར་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་སོགས་གསུངས་འདུག

གཞན་ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་དབྱིན་ཡིག་གསར་ཁང་ཆེ་ཤོས་ (Expats CZ) ཞེས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ཅེག་ཕྱི་སྲིད་བློན་ཆེན་བར་ཟུར་མཇལ་གནང་བའི་གནད་དོན་ཐད། ཅེག་ཏུ་རྟེན་གཞི་བྱེད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། “སླར་ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་གྱིས་ཕྱོགས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་དང་འབྲེལ་བའི་དམ་བཅའ་ལ་བརྩི་སྲུང་བྱེད་མེད་པ་མ་ཟད། རྒྱ་ནག་གི་གནད་དོན་དང་འབྲེལ་བའི་སྐོར་ལ་ཆབ་སྲིད་གཡོ་བཀོལ་བྱ་རྒྱུ་མཚམས་འཇོག་དགོས་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཡོངས་རྒྱུར་འགོག་རྐྱེན་དང་བསུན་གཙེར་བྱ་རྒྱུ་འཛེམ་ཟོན་བྱ་དགོས་” ཞེས་སྐྱོན་བརྗོད་བྱས་པར་དེར། ཅིག་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇཱན་ལི་བྷ་སི་ཀེ་ (Jan Lipavský) ཡིས། “ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་ཇུས་དང་འགལ་མེད་ལ། ནོར་འཁྲུལ་གང་ཡང་བཟོས་མེད” ཅེས་ལན་འདེབས་གནང་ཡོད་འདུག”

 

གསར་འགོད་པ། བསྟན་འཛིན་ཆོས་གྲགས།