ཕྱི་བསྐྱོད་ལག་ཁྱེར་རྫུན་མ་བཙོང་མཁན་བོད་མི་ཞིག་འཛིན་བཟུང་བྱས་འདུག

བོད་མི་གཉིས་ལ་ཕྱི་བསྐྱོད་ལག་ཁྱེར་དང་ཐོངས་མཆན་རྫུན་མ་བཙོང་མཁན་བོད་མི་ཞིག རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

ཟླ་༣ པའི་ཚེས་༡༦ ཉིན་རྒྱ་གར་གྱི་དུས་བབ་སྟེང་གནས་ཚུལ་བཀོད་གསལ། ཕྱི་ལོ་༢༠༡༦ ལོའི་ནང་རང་ལོ་༣༩ ཡིན་པའི་བོད་མི་ཡོལ་མོ་བཀྲ་ཤིས་ཞེས་པ་ཞིག་གིས། རང་ལོ་༣༨ ཡིན་པའི་བོད་མི་དཀོན་མཆོག་དབང་འདུས་དང་རང་ལོ་༣༡ ཡིན་པའི་ཚེ་རིང་སྒྲོལ་དཀར་གཉིས་ལ། མཱ་ལེ་ཤི་ཡའི་ཕྱི་བསྐྱོད་ལག་ཁྱེར་དང་ཐོངས་མཆན་རྫུན་མ་རེ་ཧིན་སྒོར་འབུམ་གཅིག་རེའི་ཐོག་བཙོང་ནས། ཁོང་གཉིས་ཧྥ་རན་སིའི་རྒྱལ་ས་པེ་རི་སེ་བར་འབྱོར་བར་རོགས་རམ་བྱ་རྒྱུ་ཁས་ལེན་བྱས་ཡོད་འདུག་ཀྱང་། ལོ་སྔོན་མའི་ཟླ་༨ པའི་ཚེས་༢༩ ཉིན་བོད་མི་གཉིས་པོ་དེས་ཧྥ་རན་སིར་བསྐྱོད་ཐབས་བྱེད་སྐབས།གནམ་ཐང་ནས་དོགས་གཞིའི་འོག་འཇུ་བཟུང་བཀག་ཉར་བྱས་ཏེ། འདྲི་རྩད་བྱེད་སྐབས་ཐོངས་མཆན་དང་ཕྱི་བསྐྱོད་ལག་ཁྱེར་རྣམས་ཡོལ་མོ་བཀྲ་ཤིས་ཞེས་པ་འགྲིམ་འགྲུལ་ལས་མི་ཞིག་གིས་བཙོང་བྱུང་སྐོར་བརྗོད་ཡོད་འདུག

ཡོལ་མོ་བཀྲ་ཤིས་ནི་ལོ་སྔོན་མ་ནས་བྲོས་བྱོལ་དུ་ཕྱིན་ཏེ། ཟླ་བ་བདུན་ཙམ་སོང་རྗེས་འདི་ལོའི་ཟླ་༣ པའི་ཚེས་༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།