ཕྱི་ཟླ་༡༡ གི་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་བྷ་ཌན་དང་ཊོམ་གཉིས་ཁ་གཏད་ཆགས་རྒྱུ་ཡིན་འདུག
ཟླ་འདིའི་ཚེས་༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ཆབ་སྲིད་ཚོགས་པའི་འོས་བསྡུའི་ཁྲོད་ལས་ཐོག་སྲིད་འཛིན་དང་སྲིད་འཛིན་ཟུར་པ་གཉིས་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་། ལོ་འདིའི་ཕྱི་ཟླ་བཅུ་གཅིག་པའི་སྲིད་འཛིན་འོས་བསྡུའི་ནང་ལས་ཐོག་སྲིད་འཛིན་དང་སྲིད་འཛིན་ཟུར་པ་གཉིས་ཀྱི་བར་འགྲན་བསྡུར་བྱེད་དགོས་སྲིད་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན། མིག་དམར་ཆེན་མོ་ཞེས་བརྗོད་ནས་ཨ་རིའི་མངའ་སྡེ་༡༥ ནང་ཆབ་སྲིད་ཚོགས་པ་སོ་སོས་འོས་བསྡུ་བྱས་པའི་ཁྲོད། ལས་ཐོག་སྲིད་འཛིན་བྷ་ཌན་ལ་མངའ་སྡེ་ཚང་མའི་ནང་རྒྱལ་ཁ་ཐོབ་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཊོམ་ལ་མངའ་སྡེ་༡༤ ནང་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་འདུག སྤྱི་མཐུན་ཚོགས་པའི་འོས་མི་ལྕམ་ནིཀ་ཀི་ཧེ་ལེ་(Nikki Haley) ་ ཟེར་བ་དེ་མངའ་སྡེ་༡༥ ཁྲོད་ནས་གཅིག་མ་གཏོགས་གཞན་ཚང་མའི་ནང་ཕམ་ཁ་བྱུང་རྗེས། ཁོང་མོས་འོས་མིའི་འགྲན་རྩོད་བྱ་རྒྱུ་མཚམས་འཇོག་གནང་ཡོད་འདུག
ཕྱི་ལོ་༢༠༢༠ ལོར་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ལ་འོས་བསྡུའི་ཁྲོད་ཕམ་ཁ་བྱུང་ཡོད་ཀྱང་། ཕྱི་ལོ་༢༠༢༢ ཟླ་༡༡ ནང་ཁོང་ཉིད་སླར་ཡང་སྲིད་འཛིན་གྱི་འོས་མི་ལང་རྒྱུའི་གསལ་བསྒྲགས་སྤེལ་ཞིང་། ད་ལྟའི་ཆར་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་དག་ཅིག་ཐོན་བཞིན་ཡོད་འདུག
ཕྱི་ལོ་༢༠༢༤ ལོ་ནི་ལོ་ངོ་བཞིའི་གོང་གི་སྲིད་འཛིན་འོས་བསྡུའི་སྐབས་ཀྱི་གནས་སྟངས་དང་མི་འདྲ་བ། འདས་པའི་ལོ་ངོ་བཞིའི་རིང་ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་དང་ཧ་མ་སི་དང་ཨི་སི་རེལ་བར་གྱི་དམག་འཁྲུག དེ་བཞིན་ཨ་རིའི་ནང་ས་མཚམས་ཁུལ་གྱི་དཀའ་རྙོག་སོགས་འགྱུར་ལྡོག་སྣ་ཚོགས་བྱུང་ཡོད་འདུག
དེ་རིང་གི་ཨ་རི་(USA TODAY) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་ཨ་རིའི་མངའ་སྡེ་ཁ་ཤས་ནང་དཔལ་འབྱོར་གྱི་དཀའ་ངལ་ལས་གཞིས་སྤོས་ཀྱི་དཀའ་ངལ་དེ་ཆེ་བ་མཐོང་གི་ཡོད་པ་མ་ཟད། ས་མཚམས་བདེ་འཇགས་དང་གཞིས་སྤོ་མཁན་ལ་སྟངས་འཛིན་བྱེད་སྟངས་ཐད་ལས་ཐོག་སྲིད་འཛིན་ལས་སྲིད་འཛིན་ཟུར་པ་ཊོམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག
དེ་བཞིན་ཨ་རིས་ཕྱི་ལོ་༢༠༢༡ ལོར་ཨ་དམག་རྣམས་ཨབ་གྷ་ནི་སི་ཐན་ནས་ཕྱིར་འཐེན་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཨ་རིའི་དམག་མི་༡༣ རྐྱེན་ལམ་དུ་ཤོར་ཏེ་ལས་ཐོག་སྲིད་འཛིན་གྱི་མཚན་སྙན་ལ་དོ་ཕོག་ཕྱིན་ཡོད་པ་མ་ཟད། དབུས་ཤར་དུ་ཨི་སི་རེལ་གྱིས་ཧ་མ་སི་ལ་དམག་དོན་གྱི་རྒོལ་ལན་སློག་རྒྱུ་ཐད་ལ་ལས་ཐོག་སྲིད་འཛིན་གྱིས་རྒྱབ་སྐྱོར་བྱས་པ་དང་། གྷ་རྫའི་ནང་མི་སེར་དཀྱུས་མ་ལ་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པའི་དབང་གིས་དམངས་གཙོ་ཚོགས་པའི་ནང་དུ་ཡང་དུམ་བུ་འགྲོ་བཞིན་ཡོད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག
ཨ་རིའི་ལས་ཐོག་སྲིད་འཛིན་བྷ་ཌན་ནི་དགུང་ལོ་༨༡ ཟིན་ཡོད་པ་དང་འོས་འཕེན་མཁན་བརྒྱ་ཆ་༧༦% གིས་ཁོང་གི་ལོ་ཚད་ལ་སེམས་ཁྲལ་བྱེད་ཀྱི་ཡོད་འདུག སྲིད་འཛིན་ཟུར་པ་ཊོམ་ནི་དགུང་ལོ་༧༧ ཡིན་ཞིང་། ཨ་རིའི་ལོ་རྒྱུས་ཁྲོད་ནག་ཉེས་ཐེངས་གཉིས་ཕོག་མཁན་གྱི་སྲིད་འཛིན་ཐོག་མ་དང་། ནག་ཅན་ཉེས་འཛུགས་ཕོག་མཁན་གྱི་སྲིད་འཛིན་ཟུར་པ་ཐོག་མ་དེ་ཆགས་ཡོད་འདུག འོས་འཕེན་མཁན་བརྒྱ་ཆ་༤༨% ཀྱིས་ཁོང་དགུང་ལོ་མཐོ་དྲགས་པའི་སེམས་ཁྲལ་བྱེད་ཀྱི་ཡོད་འདུག ཨ་རིའི་སྲིད་འཛིན་འོས་མི་གཉིས་ནི་དགུང་ལོ་མཐོ་བ་མ་ཟད་ད་བར་ཁ་ནོར་ཚིག་ནོར་ཤོར་བའི་གནས་ཚུལ་ཡང་མང་པོ་བྱུང་ཡོད་འདུག
གཞན་ཡང་ད་ལྟའི་ཆར་ཨ་རིས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་དང་། ཧ་མ་སི་དང་ཨི་སི་རེལ་གཉིས་ཀྱི་དམག་འཁྲུག་ལ་ཐེ་གཏོགས་བྱེད་བཞིན་ཡོད་པ། དེ་བཞིན་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་། ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་ཕྱིན་ཡོད་པར་བརྟེན། འཛམ་གླིང་ཁྱོན་ཡོངས་ཀྱིས་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
