ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་རྒྱ་གཞུང་གིས་ཕྱིར་འབུད་བཏང་འདུག

ཁ་ཆེ་ཡུ་གུར་གྲངས་ཉུང་མི་རིགས་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་རྒྱ་ནག་ནང་གི་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་རྒྱ་གཞུང་གིས་ཕྱིར་འབུད་བཏང་འདུག

ཟླ་འདིའི་ཕྱི་ཚེས་༢༣ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གསར་ཁང་བྷུ་ཛི་ཧྥི་ཌིའི་གསར་འགོད་པ་རྒྱ་ནག་ཏུ་གནས་སྡོད་བྱེད་མཁན་མེ་གྷ་ར་ཇཱ་གྷོ་པེ་ལེན་གྱི་གསར་འགོད་པའི་ཐོངས་མཆན་རྒྱ་གཞུང་གིས་བསྐྱར་གསོ་བྱེད་རོགས་མ་བྱས་སྟབས། རྒྱ་ནག་ནས་རང་དབང་མེད་པར་འགྲོ་དགོས་ཐུག་ཡོད་པ་དང་། མོ་རང་ད་ལྟའི་ཆར་སླར་ཡང་དཀྱིལ་ཤར་ཡུལ་གྲུའི་ནང་གནས་སྡོད་བྱེད་འགོ་བཙུགས་ཡོད་འདུག

དེ་ཡང་མེ་གྷ་རས་“ད་ནས་བཟུང་རྒྱ་ནག་ནས་ངས་གསར་འགྱུར་སྤེལ་མི་ཐུབ་ཀྱང་། ཤིན་ཅང་ནང་གི་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་མི་འབོར་ས་ཡ་མང་པོར་རྒྱ་གཞུང་གིས་དོགས་སྲུང་དང་། དྲག་གནོན། བཙོན་འཇུག་བྱས་པ་བཅས་ཀྱི་སྐོར་ལ་གནས་ཚུལ་སྤེལ་རྒྱུ་དང་། ལབ་གླེང་བྱེད་རྒྱུ་མཚམས་འཇོག་གི་མིན་”ཞེས་དང་། དེ་བཞིན་“མཐོང་རྒྱ་བསྲིངས་བའི་ངོ་མཚར་ཅན་གྱི་ལོ་དྲུག་རིང་པེ་ཅིང་དུ་གསར་འགོད་པ་ཞིག་བྱས་ནས་བསྡད་རྗེས་ཁ་བྲལ་བ་ནི་མངར་སྐྱུར་གཉིས་ལྡན་ཞིག་རེད་”ཅེས་དང་། “འདི་ལོའི་ཕྱི་ཟླ་༥ པའི་ནང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ང་ལ་གསར་འགོད་པའི་ཐོངས་མཆན་གསར་པ་མ་སྤྲད་ནས་བཀག་སོང་། ཁོ་ཚོས་འདི་ནི་དུས་ཚོད་འགོར་བའི་ལས་ཀ་ཞིག་རེད་ཅེས་བརྗོད་བྱུང་ཡང་། དེའི་རྒྱུ་མཚན་གང་ཡིན་ང་ཚོས་གསལ་པོ་ཤེས་མ་སོང་”ཞེས་ཁ་སང་ཕྱི་ཚེས་༢༢ ཉིན་མོ་རང་སྒེར་གྱི་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ཐོག་སྤེལ་འདུག

གནད་དོན་འདིའི་ཐོག་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གི་ཐག་གཅོད་དེའི་ཐོག་སྐྱོན་བརྗོད་བྱེད་དོན། “རྒྱལ་ནང་གི་གནས་ཚུལ་སྤེལ་ཆེད་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཡོང་བར་དགའ་བསུ་ཡོད་སྐོར་ཡང་ཡང་དུ་བརྗོད་བཞིན་པའི་སྲིད་གཞུང་ཞིག་གིས་འདི་ལྟར་བྱས་པ་ནི་ངོས་ལེན་མི་ཐུབ་པ་ཞིག་དང་། བློ་འགྱོད་སྐྱེ་དགོས་པ་ཞིག་རེད་”ཅེས་དང་། “རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ངོས་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ཚད་ལྡན་ཞིག་དོན་དངོས་སུ་ཕྱིར་འབུད་བཏང་བའི་རྒྱུ་མཚན་གང་ཡིན་ཁ་གསལ་བཟོ་རྒྱུར་ང་ཚོས་འབད་བརྩོན་བྱེད་བཞིན་ཡོད་”ཅེས་བརྗོད་འདུག

ད་ལྟའི་ཆར་རྒྱ་ནག་གི་གནས་ཚུལ་གཙོར་འདོན་བྱེད་མཁན་གྱི་གསར་འགོད་པ་དང་བརྒྱུད་ལམ་ཁག་གིས། མེ་གྷ་རའི་ད་ལྟའི་གནས་སྟངས་ནི་མོས་དེ་སྔོན་ཁ་ཆེ་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཧ་ཅང་མང་པོ་རྒྱ་གཞུང་གིས་བཀག་བསྐྱིལ་བྱས་ཏེ། དེ་དག་ལ་སློབ་གསོ་བཅོས་སྒྱུར་གྱི་བྱ་སྤྱོད་སྤེལ་བཞིན་པའི་གནས་ཚུལ་སྤེལ་ཡོད་སྟབས། དེའི་དབང་གིས་ད་ལྟའི་གནས་སྟངས་འདི་བྱུང་བ་ཡིན་སྐོར་བརྗོད་བཞིན་ཡོད་འདུག དེ་བཞིན་གནས་ཚུལ་འདི་ལ་བརྟེན་ནས་རྒྱ་ནག་ནང་གི་གསར་འགྱུར་ཁྱབ་ཚད་ཀྱི་གནས་སྟངས་གསལ་པོ་བསྟན་ཡོད་སྐོར་བརྗོད་བཞིན་ཡོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་ལ་མེ་གྷ་རའི་གནས་སྟངས་ཐོག་གསལ་བཤད་བྱེད་རྒྱུའི་རེ་སྐུལ་ཞུས་པར་ད་ལྟའི་ཆར་ལན་འདེབས་བྱས་མེད་འདུག་ཀྱང་། ཡུ་གུར་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཧ་ཅང་མང་པོ་བཙོན་འཇུག་བྱས་ཡོད་སྐོར་གྱི་གནས་ཚུལ་དེ་བདེན་པ་མིན་སྐོར་དེ་སྔོན་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།