ཕྱི་རྒྱལ་བ་ལ་དམིགས་འབེན་དུ་འཛིན་པའི་ཨབ་གྷན་ནང་གི་དྲག་རྒོལ།
ཨབ་གྷན་གྱི་རྒྱལ་ས་ཀ་བྷུལ་དུ་མེ་མདའི་དྲག་རྒོལ་བྱུང་ནས་མི་༡༩ བསད་ཡོད་འདུག་ཅིང་། དྲག་རྒོལ་དེའི་དམིགས་འབེན་ནི་ཕྱི་རྒྱལ་བ་རྣམས་ཡིན་འདུག
ཟླ་འདིའི་ཕྱི་ཚེས་༢༢ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༠ ཉིན་ཨབ་གྷན་གྱི་རྒྱལ་ས་ཀ་བྷུལ་དུ་ཡོད་པའི་གཞུང་གི་བདག་གཉེར་ཅན་གྱི་རྒྱལ་སྤྱིའི་མགྲོན་ཁང་དང་ཟ་ཁང་ཆ་འགྲིག་སྐར་ལྔའི་རྟགས་ཅན་ཞིག་གི་ནང་དགོང་མོའི་ཆུ་ཚོད་༩ པ་ཡས་མས་སུ་དྲག་རྒོལ་བྱས་ནས། ཕྱི་རྒྱལ་བ་མི་༡༤ དང་ཨབ་གྷན་གྱི་མི་༤ བསད་ཡོད་འདུག་ཅིང་། བརྒྱུད་ལམ་ཁག་ཅིག་ནས་གནས་ཚུལ་གསལ་པོ་ཆགས་རིམ་བཞིན་དྲག་རྒོལ་དེའི་ཁྲོད་ནས་ཚེ་སྲོག་ཤོར་མཁན་གྱི་མིའི་གྲངས་ཀ་མང་དུ་འགྲོ་སྲིད་སྐོར་བརྗོད་བཞིན་ཡོད་འདུག་པ་དང་། དྲག་རྒོལ་བ་དེ་དག་གི་དམིགས་འབེན་ནི་ཕྱི་རྒྱལ་བ་རྣམས་ཡིན་སྐོར་འདུག
སྒེར་གྱི་བདེ་འཇགས་ཆེད་དུ་མིང་བརྗོད་འདོད་མེད་པའི་དོན་རྐྱེན་དེ་བྱུང་སྐབས་ཡུལ་དངོས་སུ་ཡོད་པའི་སྐྱེས་པ་ཞིག་གིས་བརྗོད་དོན་ལྟར་ན། དྲག་རྒོལ་བ་རྣམས་ཀྱིས་སྐྱེས་དམན་ཞིག་ལ་མེ་མདའ་བརྒྱབས་ནས་བསད་རྗེས། མེ་མདའི་སོ་ཁ་ཁོ་ལ་གཏད་ཡོད་ཀྱང་། སྐབས་དེར་ཁོས་“ང་ཨབ་གྷན་གྱི་མི་ཡིན་”ཞེས་སྐད་བརྒྱབས་རྗེས། དྲག་རྒོལ་བ་ཚོས་“ཕྱི་རྒྱལ་བ་གང་དུ་འདུག་”ཅེས་བརྗོད་ནས་མེ་མདའི་ཁ་ཕྱོགས་བསྒྱུར་ཏེ་ཁོ་རང་སྲོག་ཉེན་ལས་ཐར་ཐུབ་པ་བྱུང་ཡོད་འདུག
དེ་བཞིན་གནས་ཚུལ་དེ་དངོས་སུ་མཐོང་མཁན་གཞན་ཞིག་གིས་དོན་རྐྱེན་དེའི་སྐོར་ལ་བརྗོད་དོན་དུ་“ཁོང་ཚོས་དུག་སློག་འཆོར་ཉམས་དོད་པོ་གོན་འདུག”ཅེས་དང་། “ཁོང་ཚོ་ང་སར་ཡོང་ནས་ཁ་ལག་སྤྲོད་ལབ་སོང་། ངས་ཁ་ལག་སྤྲད་པ་ཡིན། ཁོང་ཚོས་ང་ལ་ཐུགས་རྗེ་ཆེ་ལབ་ནས་སོ་སོའི་རྐུབ་བཀྱག་ཐོག་བསྡད་སོང་། དེ་རྗེས་ཁོང་ཚོས་གོ་མཚོན་རྣམས་ཕྱིར་བཏོན་ནས་མི་ལ་མེ་མདའ་རྒྱག་འགོ་བཙུགས་སོང་།”ཞེས་དང་། “མི་རོ་བཅུ་ཚོ་ཁ་ཤས་ངའི་མཐའ་འཁོར་ན་འདུག”ཅེས་བརྗོད་ཡོད་འདུག
དོན་རྐྱེན་དེའི་སྐབས་ཐད་འཕུར་གནམ་གྲུ་བརྒྱུད་ཨབ་གྷན་གྱི་དམག་མིའི་དམིགས་བསལ་ལས་དོན་རུ་ཁག་ཁང་བརྩེགས་ཀྱི་ཡང་ཐོག་ནས་ནང་དུ་འཛུལ་ཏེ། དྲག་རྒོལ་བ་དང་འཁྲུག་འཛིང་བྱས་ནས་དྲག་རྒོལ་བ་༣ བསད་ཡོད་པ་དང་། ཁྱོན་དྲག་རྒོལ་དོན་རྐྱེན་དེའི་ཁྲོད་ནས་མི་༢༢ རྐྱེན་ལམ་དུ་ཤོར་ཡོད་འདུག་ཅིང་། རྐྱེན་ལམ་དུ་སོང་བའི་ཕྱི་རྒྱལ་བ་རྣམས་ལས་ཡུག་རེན་གྱི་མི་༩ དང་། འཇར་མན་བ་༡ གྷི་རི་སི་མི་༡ ཁ་ཛག་སི་ཐན་གྱི་མི་༡ གཞན་ལུང་པ་གང་ནས་ཡིན་ངོ་རྟགས་མ་ཆོད་པའི་ཕྱི་རྒྱལ་བ་༢ བཅས་ཡོད་འདུག
མགྲོན་ཁང་དེ་ནི་ཨབ་གྷན་གཞུང་ལ་དབང་བ་ཞིག་ཡིན་འདུག་ཅིང་། ནམ་རྒྱུན་དེའི་ནང་ཆང་ས་དང་། གསར་འགོད་ལྷན་ཚོགས། ཆབ་སྲིད་ཀྱི་འདུ་འཛོམས་བཅས་བྱེད་ཀྱི་ཡོད་འདུག་པ་དང་། ཉེ་བའི་ཆར་མགྲོན་ཁང་དེའི་བདེ་སྲུང་གི་ལས་དོན་སྒེར་གྱི་བདེ་སྲུང་ལས་ཁང་ཞིག་ལ་རྩིས་སྤྲོད་བྱས་པ་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།