ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གསུམ་བཅུའི་དུས་དྲན་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་། 

གསར་འགོད་གསལ་བསྒྲགས་སྐབས་བོད་ཀྱི་བང་ཆེན་གྱི་པར།

ནུས་ཕྱོགས་རྒྱལ་ཁབ་ཁག་ནས་བོད་དོན་རྒྱབ་སྐྱོར་མཚོན་ཆེད་དུ་རྒྱལ་ཁབ་འདྲ་མིན་ནས་གྲོས་ཚོགས་འཐུས་མི་བཞུགས་སྒར་དུ་ཕེབས་ཀྱི་ཡོད་པ་བཞིན། འདི་ལོ་ཡང་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ནས་བཞུགས་སྒར་དུ་ཕེབས་མཁན་ལས་ཨོ་སི་ཏྲོ་ལིའི་གྲོས་ཚོགས་འཐུས་མི་བཞི་དང་འཇར་མི་ནིའི་གྲོས་ཚོགས་འཐུས་མི་གཅིག་བཅས་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

ཕྱི་ཚེས་༡༠ ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་དོན་རྒྱབ་སྐྱོར་བ་ཨོ་སི་ཏྲོ་ལི་ཡ་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་བཞི་དང་། འཇར་མི་ནི་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་གཅིག་བཅས་ཁྱོན་གྲོས་ཚོགས་འཐུས་མི་ལྔ་ཡིས་བོད་དོན་རྒྱབ་སྐྱོར་དང་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་། སྐབས་དེར་འཇར་མི་ནི་གྲོས་ཚོགས་འཐུས་མི་(MP Michael Brand)ཡིས་བརྗོད་དོན་ལ། བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ནས་དྲག་གནོན་བྱེད་པ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་དང་འགལ་བ་རེད། རྒྱ་ནག་དམར་ཤོག་གཞུང་གིས་ད་དུང་ཡུ་གུར་དང་ཧོང་ཀོང་སོགས་ལ་དྲག་གནོན་བྱེད་བཞིན་ཡོད། དེ་བཞིན་ཨེ་ཤེ་ཡ་དང་དཀྱིལ་ཤར་ཡུལ་གྲུ་ཁག་གི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་བཞིན་ཡོད། དཔེར་ན། ཨུ་རུ་སུས་ཡུག་རེན་ནང་མི་གསོད་ཁྲག་སྦྱོར་བྱེད་པ་ལ་རྒྱབ་སྐྱོར་བྱེད་བཞིན་པ་དང་། ཏ་ལི་བྷན་དྲག་སྤྱོད་པ་དང་མཉམ་འབྲེལ་བྱེད་པ། རྒྱ་གར་དང་བོད་ཀྱི་ས་མཚམས་སུ་རྩོད་རྙོག་སློང་བ་སོགས་ཀྱིས་བོད་དང་ཐའེ་ཝན་གཅིག་པུ་མ་ཡིན་པར། གོ་ལའི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་དང་སྤེལ་བཞིན་ཡོད་པས། ང་ཚོས་ནམ་ཡང་བཟོད་ཐབས་བྲལ་བ་རེད་ཅེས་དང་། བོད་ཀྱི་གནད་དོན་ནི་བོད་པ་གཅིག་པུའི་ཆེད་དུ་མ་ཡིན་པར། རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་དང་། ཨེ་ཤེ་ཡའི་བདེ་འཇགས་སོགས་ལ་འབྲེལ་བ་ཆེན་པོ་ཆགས་ཡོད་ཅེས་བརྗོད་པ་དང་། དེ་བཞིན་ཨོ་སི་ཏྲོ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཀྱང་།  ཨོ་སི་ཏྲོ་ལི་ཡའི་ངོས་ནས་ཡུ་གུར་དང་བོད་གཉིས་ཀྱི་གནས་སྟངས་དང་དམིགས་བསལ་གྱིས་རྒྱ་ནག་གཞུང་གི་རིག་གཞུང་དང་། སྐད་ཡིག འགྲོ་འདུག་རང་དབང་རྣམས་ཀྱི་ཐད་དམ་དྲག་དང་བཀག་སྡོམ་བྱེད་བཞིན་པ་དེ་ལ་བློ་འཚབ་ཆེན་པོ་ཡོད། ཡུ་གུར་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོད་རྭ་བའི་ནང་བཅུག་པ་དང་། བོད་ཀྱི་བྱིས་པ་ས་ཡ་གཅིག་ཙམ་ཞིག་རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བཙན་གྱིས་བཅུག་ནས་བྱིས་པ་ཕ་མ་དང་ཁ་བྲལ་གཏོང་བ་རྣམས་ནི་བཟོད་དཀའ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད། རྒྱ་ནག་གཞུང་གིས་ངེས་པར་དུ་རང་དབང་ཐོག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་རྟོག་ཞིབ་ཆེད་དུ་གཏོང་དགོས་ཀྱི་རེད་ཅེས་བརྗོད་སོང་ལ། དེ་བཞིན་ཨོ་སི་ཏྲོ་ལི་ཡའི་གྲོས་ཚོགས་འཐུས་མི་(Senator Dean Smith)ཡིས། ཁོང་ཚོ་ནི་སྲིད་དོན་ཚོགས་པ་འདྲ་མིན་ནས་ཡིན་ཀྱང་། བོད་དོན་ཐོག་སྲིད་དོན་ཚོགས་པ་ཚང་མས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་གནང་སོང་།

དེ་རྗེས་གསར་འགོད་པས་དེ་རིང་གསུམ་བཅུའི་དུས་དྲན་ཐེངས་༦༥ སྐབས་སུ་བོད་ནང་ཡོད་པའི་བོད་མི་རྣམས་ལ་བརྡ་ལན་འདྲ་གང་ཡོད་དམ་ཞེས་འདྲི་དུས། དེའི་ལན་དུ་འདས་པའི་ལོ་ངོ་༦༥ རིང་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་མིན་ལ་མ་ལྟོས་པར་རང་དབང་འཐབ་རྩོད་བྱས་ནས་ད་བར་རྒྱུན་མཐུད་ཐུབ་པ་རེད། བོད་མི་རྣམས་ཧ་ཅང་རླབས་ཆེན་རེད། ད་དུང་མུ་མཐུད་ནས་སེམས་ཤུགས་མ་ཆག་ནས་འཐབ་རྩོད་བྱེད་རྒྱུ་གལ་ཆེན་པོ་རེད། ངའི་རེ་བ་ལ་ནམ་ཞིག་རྒྱ་ནག་མི་མང་གིས་རྒྱ་གཞུང་གིས་བོད་ནང་ཁྲིམས་འགལ་ཐོག་ནས་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དག་འགྲིག་གི་མེད་པ་ཤེས་ཐུབ་པའི་རེ་བ་ཡོད། གལ་སྲིད་དེ་ལྟར་བྱུང་ན་རྒྱ་ནག་ནང་ལོགས་ནས་འགྱུར་བ་ཞིག་ཡོང་ཐུབ་པའི་རེ་བ་ཡོད་རེད་ལ། བོད་ནང་བོད་མི་རྣམས་ཀྱི་མངོན་འདོད་སྒྲུབ་ཐུབ་པའི་རེ་བ་ཡོད་རེད་ཅེས་བརྗོད་སོང་། དེ་རིང་ཨོ་སི་ཏྲོ་ལི་ཡ་དང་འཇར་མི་ནིའི་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། བོད་དོན་ཆེད་དུ་ད་དུང་རོགས་རམ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡིན་པར་བརྗོད་གནང་སོང་།

གསར་འགོད་པ། བསོད་ནམས་ཕུན་ཚོགས།